Advice for Women in the Mani Kambum


Emperor Songtsen the Wise

(d. ca. 649 or 650)


ཨོཾ་མ་ཎི་པདྨེ་ཧཱུཾ། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས་ནང་འཁོར་གྱི་བུད་མེད་རྣམས་ལ་གདམས་པ། [826]

ཀྱེ། སྐྱེ་བ་དམན་པ་ཟ་མ་བུད་མེད་དུ་སྐྱེས། ཆོས་ལ་གོ་བ་མེད་པས་གཏི་མུག་གི་མུན་པ་ཚུད། ཚེ་ཕྱི་མ་དྲན་པ་མེད་པའི་སྙིང་མེད་ཚོ། མི་ལུས་ཐོབ་ནས་ཆོས་མེད་པ་མི་ཚེ་སྟོང་ལོག་བྱས་པ་ཡིན་ནོ། །

ཕའི་སྙིང་པོ་ཐུགས་རྗེ་ཆེན་པོ་ཁུར་ཅོག  འཇིག་རྟེན་འཁོར་བའི་མ་འདི་མི་རྟག་འཆི། གྲོགས་ཀྱི་སྙིང་པོར་རང་བྱུང་ཡེ་ཤེས་དང་འགྲོགས། འཇིག་རྟེན་འཁོར་བའི་ཁྱོ་དང་འདུས་པ་འབྲལ། བུ་ཡི་སྙིང་པོར་ནོར་བུ་འཛིན་པ་སྐྱེད། འཇིག་རྟེན་འཁོར་བའི་བུ་འདི་ཕོག་ཀྱང་སྟོང་པ་ཡིན། བུ་མོའི་སྙིང་པོར་རིག་སྔགས་འཛིན་མ་སྐྱེད། འཇིག་རྟེན་འཁོར་བཻ་བུ་མོ་བརྫངས་ཀྱང་དོན་མེད་ཡིན། ལོངས་སྤྱོད་སྙིང་པོ་ཡི་གེ་དྲུག་པ་ཟློས། །འཇིག་རྟེན་འཁོར་བའི་ལོངས་སྤྱོད་ཡོད་ཅིང་འདོད། །ནོར་གྱི་སྙིང་པོར་ཆོག་ཤེས་དགོས་མེད་སོགས། །འཇིག་རྟེན་འཁོར་བའི་ནོར་རྫས་ཡོད་ཅིང་འདོད། །ཁང་ཁྱིམ་སྙིང་པོར་རང་ལུས་སྒོམ་ཁང་ཟུངས། །འཇིག་རྟེན་འཁོར་བའི་ཁང་ཁྱིམ་བཙོན་ཁང་ཡིན། །ཞིང་གི་སྙིང་པོར་དད་པའི་ཞིང་ས་སྐྱེད། །འཇིག་རྟེན་འཁོར་བའི་ཞིང་འདི་གཏན་མི་འདེབས། །སོ་ནམ་སྙིང་པོ་ཆོས་སྤྱོད་འབད་ལ་གྱིས། །འཇིག་རྟེན་འཁོར་བའི་ལས་ལ་ཟིན་པ་མེད། །འདུ་འཛིའི་སྙིང་པོར་ཏིང་འཛིན་སྤྲོ་བསྡུ་གྱིས། །འཇག་རྟེན་འཁོར་བའི་གཡེང་བ་སངས་པ་མེད། །མཆོད་གནས་སྙིང་པོར་དཀོན་མཆོག་གསུམ་པོ་ཁུར྄། །འཇིག་རྟེན་འཁོར་བའི་འཁོར་འདི་སྐྱོང་བར་དཀའ། །གོས་ཀྱི་སྙིང་པོར་ངོ་ཚ་ཁྲེལ་འཛེམ་གྱོན། །འཇིག་རྟེན་འཁོར་བའི་སྣལ་མ་འཛད་པ་ཡིན། །རྒྱན་གྱི་སྙིང་པོར་སྡོམ་ཁྲིམས་གཙང་མ་སྲུངས། །འཇིག་རྟེན་འཁོར་བའི་གསེར་གཡུ་རིན་ཐང་ཆེ། [827] གཉེན་གྱི་སྙིང་པོར་རང་སེམས་བྱ་རས་སྐྱོངས། །འཇིག་རྟེན་འཁོར་བའི་གཉེན་འདི་མཐུན་ཀྱང་འབྲལ།  །དགྲ་ཡི་སྙིང་པོར་དུག་ལྔ་དྲག་ཏུ་ཐུལ།  །འཇིག་རྟེན་འཁོར་བའི་དགྲ་འདི་རྟུལ་ཞིང་གྱོང་། །ཉོན་ཅིག་སྐལ་ལྡན་བུད་མེད་རྣམས། །དད་པ་ཅན་གྱི་ལས་ཅན་ཚོ། །ལྟ་བའི་སྙིང་པོར་རང་སེམས་སྙིང་པོ་ལྟོས། །འཇིག་རྟེན་འཁོར་བའི་ཆོས་འདི་བལྟས་ཤིང་གཡེངས། །སྒོམ་པའི་སྙིང་པོར་རང་སེམས་སྟོང་གསལ་སྒོམས། །འཇིག་རྟེན་འཁོར་བའི་ཆོས་ལ་ཉོན་མོངས་ལྡང་། །སྤྱོད་པའི་སྙིང་པོར་དུག་ལྔ་རང་གྲོལ་ཆོད། །འཇིག་རྟེན་འཁོར་བའི་ཆོས་ལ་ཆགས་སྡང་རྒྱུན་མི་འཆད། །འབྲས་བུའི་སྙིང་པོར་རང་སེམས་སངས་རྒྱས་རྟོགས། །འཇིགརྟེན་འཁོར་བའི་བསམ་པ་གྲུབ་པ་མེད། །མདོ་དོན་སྙིང་པོ་ཡི་གེ་དྲུག་པ་དྲིལ། །འཇིག་རྟེན་འཁོར་བའི་རང་དོན་འཆལ་བ་ཡིན། །དེ་རྣམས་ལྡན་མ་བུད་མེད་མ་ཡིན་བྱང་ཆུབ་སེམས་མ་ཡིན། བུད་མེད་ཆོས་མེད་ན་བྱོལ་སོང་རྐང་གཉིས་མ་ཡིན་པས་མདོ་དོན་ཆོས་ལ་དྲིལ་ཅིག་ཅེས་སྤྲུལ་པའི་རྒྱལ་པོས་ནང་འཁོར་བུད་མེད་རྣམས་ལ་གདམས་པའོ། །ཨིཐི།

ཨོཾ་མ་ཎི་པདྨེ་ཧཱུཾ། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས། ཕྱི་འཁོར་གྱི་བུད་མེད་རྣམས་ལ་གདམས་པ། ཀྱེ། སྐྱེ་བ་དམན་པ་བུད་མེད་རྣམས་ཉོན་ཅིག བདག་འཛིན་བུད་མེད་ཆེ་བས། བུ་ཁྱོ་ལ་བདག་འཛིན་གྱི་མདུད་པ་ཁྲོལ་ལ་མ་ཞེན། འདོད་ཆགས་བུད་མེད་ཆེ་བས། ནོར་རྫས་ལ་མ་ཆགས་སྐྱེས་པའི་འཁྲི་བ་ཆོད། བློ་སྣ་བུད་མེད་མང་བས། བསམ་བློ་མ་མང་བློ་སྣ་ཆོས་ལ་སྒྱུར། བྱ་བ་བུད་མེད་མང་བས། དོན་མེད་པའི་བྱ་བ་རྩོལ་བ་མ་ཆེ་མདོ་དོན་ཆོས་ལ་དྲིལ། དུག་ལྔ་བུད་མེད་ཆེ་བས། [828] ཉོན་རྨོངས་རླུང་གིས་ཁྱེར་བས་སེམས་ལ་གཉེན་པོ་ཆུག །གོ་བ་བུད་མེད་ཆུང་བས། རང་སེམས་གསལ་དག་རྟོགས་ལ་སྣང་བ་ཁྲོལ་དུ་ཐོངས། ལེ་ལོ་བུད་མེད་ཆེ་བས། ཚེ་ལ་ལོང་མེད་བརྩོན་འགྲུས་ཆོས་ལ་སྐྱེད། སེར་སྣ་བུད་མེད་ཆེ་བས། ཕྱི་མའི་རྒྱགས་ཕྱེ་དགོས་སོ་བླ་མ་དཀོན་མཆོག་མཆོད་ལ་སྦྱིན་པ་ཅི་གྲུབ་ཐོངས། སྨྲ་བ་བུད་མེད་མང་བས། ཟེར་ལོ་འདུག་ལོའི་སྨྲ་མཆུ་ཚུམས་ལ། ལུས་ངག་སྡིག་སྒྲིབ་སྦྱོང་བའི་ཡི་གེ་དྲུག་པ་ཟློས་ཤིག ཕྱི་དར་རྒྱན་ལ་བུད་མེད་དགའ་བས། གསེར་གཡུ་རིན་ཐང་ཆེ་བས་ལུས་ངག་ཡིད་གསུམ་ཐུགས་རྗེ་ཆེན་པོར་སྒོམས། ཁྱོ་དད་བུད་མེད་ཆེ་བས། ཁྱིམ་ཐབ་བདུད་ཀྱི་བཙོན་ར་ཡིན་པས་སྐྱེས་པའི་འཁོར་བ་ཆོད། བུ་དད་བུད་མེད་ཆེ་བས། འཁོར་བའི་འཐེན་ཐག་བུ་དང་བུ་མོ་ཡིན་པས་གཅིག་པུར་དམ་ཆོས་སྒྲུབས། ནོར་དད་བུད་མེད་ཆེ་བས། སེར་སྣའི་མདུད་པ་ཁྲོལ་ལ་སྦྱིན་སོགས་ཅི་འགྲུབ་ཐོངས། སྣམ་དད་བུད་མེད་ཆེ་བས་བཀལ་བའི་སྣམ་བུ་བྱས་ཤིང་འཛད་པས། རང་སེམས་བལ་ལྟར་གཡེངས། གཟུང་འཛིན་གྲུ་གུར་ཐུལ། གཉིས་འཛིན་ཐགས་སུ་ཐོགས། དེ་ལྟར་བྱས་ན་འདིར་བདེ་ཕྱི་མ་སྐྱིད་པས་བྱང་ཆུབ་ལམ་དུ་འགྲོ། བུད་མེད་བཟང་ངནཐམས་ཅད་བསྐྱེདཔའི་གཞི་མ་ཡིན་པས་བུ་ཚ་ཆོས་ལ་ཚུད། ཁྱིམ་གྱི་གནས་རྟེན་ཡིན་པས་བཟའ་འཁོར་བྱམས་པས་སྐྱོངས། །ཟས་ནོར་བདག་མོ་ཡིན་པས་ཟས་ལ་ཡངས་སུ་གྱིས། །འཕྲལ་དབང་བུད་མེད་ཆེ་བས་ཉེ་འཁོར་ཟས་དང་བྱམས་པས་སྐྱོངས། །འདི་བས་ཕྱི་མ་རིང་བས་ཆོས་དང་ཅི་མཐུན་གྱིས། །འདི་ཕྱིར་བྱིན་རླབས་འབྱུང་བས་དཀོན་མཆོག་ཞབས་ནས་ཐེག བསགས་པ་སྒྱུ་མ་ཡིན་གྱིས་སྦྱིན་པ་ཅི་འགྲུབ་ཐོངས། །དད་པས་ཀུན་ནས་སློངས་ལ་ཅི་བྱེད་ཆོས་ཕྱོགས་གྱིས། [829] ། འདི་ཕྱིའི་མགོན་སྐྱབས་ཡིན་པས་ཐུགས་རྗེ་ཆེན་པོ་སྒྲུབས།  །བྱང་ཆུབ་ལམ་སྣ་འདྲེན་པས་ཡི་གེ་དྲུག་མ་ཟློས། །རྣམ་རྟོག་ཕྲ་རགས་འགག་པས་རང་ཤར་རང་གྲོལ་ཐོངས། །སྣང་བ་སྐུ་རུ་ཁྱེར་ལ་ཐུགས་རྗེ་ཆེན་པོའི་ཞིང་དུ་སྦྱོངས།  །གྲག་པ་གསུང་དུ་ཁྱེར་ལ་ཡི་གེ་དྲུག་པའི་སྒྲ་རུ་ཟུངས།  །དྲན་རྟོག་ཐུགས་སུ་ཁྱེར་ལ་གསལ་སྟོང་འཛིན་མེད་ལྟོས། །རང་ལུས་ཐ་མལ་གྱི་ཞེན་པ་ཆོད་ལ་ཐུགས་རྗེ་ཆེན་པོའི་སྐུ་སྣང་ལ་རང་བཞིན་མེད་པར་སྒོམས། ངག་ཐ་མལ་གྱི་ཞེན་པ་ཆོད་ལ་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པ་སྒྲ་གྲག་སྟོང་རྒྱུན་ཆད་མེད་པ་ཟློས། ཡིད་ཐ་མལ་གྱི་ཞེན་པ་ཆོད་ལ་རྟོག་མེད་རིག་གསལ་ལྟོས། །ཕྱོགས་འཛིན་འདོད་པས་མ་བཅོས་ཕྱོགས་མེད་ལྟ་བ་ལྟོས།  །ཕྱོགས་འཛིན་འདོད་པས་མ་བཅོས་ཕྱོགས་མེད་ལྟ་ལ་ལྟོས། །སེམས་འཛིན་སྒོམ་པ་མ་བྱེད་སྒོམ་མེད་ངང་ལ་ཞོག །ཆེད་བྱེད་སྤྱོད་པ་མ་བྱེད་རང་བྱུང་ཤུགས་འབྱུང་ཐོངས།  །རེ་དོགས་འབྲས་བུ་མ་བསྒྲུབས་སྐུ་གསུམ་ངོ་བོ་རྟོགས།  །དམ་ཚིག་སྲུང་སྡོམ་མ་བྱེད་བསྲུང་མེད་ངང་ལ་ཞོག །འགྲོ་དོན་ཕྱོགས་རིས་མ་བྱེད་ཕྱོགས་མེད་ཕྱལ་བར་གྱིས།  །སྙིང་རྗེ་ཉེ་རིང་མ་བྱེད་དགྲ་གཉེན་ཉེ་རིང་སྤོངས།  །ང་བདག་གཉིས་འཛིན་མ་བྱེད་ང་མེད་བདག་མེད་ཀྱིས།  །ཆགས་སྡང་རྗེས་ཕྱི་མ་འབྲངས་རང་སེམས་གློད་ལ་ཞོག །དེ་རམས་གོ་རྟོགས་ཉམས་སུ་བླངས་ན་བུད་མེད་སྐལ་ལྡན་བྱང་ཆུབ་སེམས་མ་ཡིན། དེ་ལྟར་མ་ཤེས་མ་རིག་མ་རྟོགས་ན། འདི་ལྟར་གྱིས། རང་བཙུན་པ་མིས་མི་གཤེ་བ།  །གྱོས་སྒྱུག་ཕ་དང་མ་བཞིན་ཁུར།  །ལས་ཀྱི་ཟླ་གྲོགས་ཡིན་གྱིས་ཁྱོ་ལ་མིག་བཞིན་ལྟོས།  །ལས་ཀྱི་ལན་ཆགས་ཡིན་གྱིས་བུ་ཚ་བརྩེ་བས་སྐྱོངས།  །འདུས་པ་འབྲལ་བ་ཡིན་གྱིས་ཡུན་དུ་མཐུན་པར་འགྲོགས།  །བཟང་ངན་ནོར་གྱིས་འབྱེད་པས་ཞིབ་ཐིགས་ཆུད་མ་གསན། [830] །ལྟོ་སྲོག་འབྲེལ་མ་ཡིན་པས་སོ་ནམ་གཙང་མར་གྱིས།  །འཇིག་རྟེན་རྣམ་ཐར་ཡིན་གྱིས་འཕྲལ་མགྲོན་བཟང་དུ་གྱིས།  །བསགས་པ་ཆུད་མ་གསན་པར་ཆོས་ཕྱོགས་ཅི་འགྲོ་གྱིས། །ལར་ཆོས་མེད་ཕྱུག་ཅིང་བཙན་ཀྱང་མི་ཚེ་སྟོང་ལོག་ཡིན། །བུད་མེད་འཛངས་བཀྲག་ལྡན་ཡང་ཆོས་མེད་ངན་མ་མདོ་མེད་ཡིན།  །བུད་མེད་བུ་མང་དཔལ་ཆེ་འཁོར་གཡོག་ལྡན་ཡང་ཆོས་མེད་རབས་ཆད་གྲོགས་མེད་གཅིག་པུ་ངན་སོང་གནས་སུ་འགྲོ་བ་ཡིན། སྐྱེ་འབྲས་གཟུགས་བྱད་ཕུན་སུམ་ཚོགས་ཀྱང་ཆོས་མེད་ཟོག་མོ་ལྐུགས་མ་གླེན་མ་དུད་འགྲོའི་ལུས་ཅན་ཡིན། སྤྱང་ལ་སྒྲིན་ལ་གོ་ཤགས་ཕྱེད་ཀྱང་ཆོས་མེད་གཡས་ཆུང་ཏེ་པ་ཏ་རང་མདོ་མེད་ཡིན།  ནོར་སོགས་ཟས་དང་ཁྲལ་ལ་ཡངས་ཀྱང་ཆོས་མེད་རང་མདོ་ཤོར་ནས་མི་ཚེ་སྟོང་ལོག་ཡིན། ཅི་བྱེད་ཆོས་དང་བསྟུན་ཅིག་འབངས་མོ་བུད་མེད་རྣམས།  །འདི་བས་ཕྱི་མ་རིང་ངོ་ཨ་མ་བུད་མེད་རྣམས། །རང་དོན་འཆལ་བར་མ་གཏོང་ཨ་ཅེ་བུད་མེད་རྣམས། །ཞེས་སྤྲུལ་པའི་རྒྱལ་པོས་ཕྱི་འཁོར་བུད་མེད་རྣམས་ལ་གསུངས་པའི་ཞལ་གདམས་སོ། །ཨིཐི།

ཨོཾ་མ་ཎི་པདྨེ་ཧཱུཾ། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས། བུད་མེད་རྣམས་ལ་བསླབ་བྱ་གདམས་ངག་ཏུ་གསུངས་པ། ཟ་མ་བུད་མེད་རྣམས་ཉོན་ཅིག སྤྱིར་ལྷོ་འཛམ་བུ་གླིང་དུ་སྐྱེས་ནས། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་དར་བ་དང་འཛོམས། སྒོས་བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདི་ལྷ་ཐུགས་རྗེ་ཆེན་པོས་འདུལ་བའི་ཞིང་དུ་གྱུར་པ་ཡིན་པས། བོད་ཀྱི་རྒྱལ་ཁམས་སུ་ཟ་མ་བུད་མེད་དུ་སྐྱེས་ནས་འཆི་བ་མ་དྲན་པ་རྣམས་སྙིང་མེད་པ་ཡིན་ནོ།  །

ལར་ཉོན་ཅིག་ཟ་མ་བུད་མེད་རྣམས། [831] ཕ་ཡུལ་བཞག་ནས་གཞན་གྱི་གཡོག་ལ་འགྲོ། བུད་མེད་བུ་ལ་ཕ་ཡུལ་མེད། རང་ནོར་ཁྱེར་ནས་མི་ཡི་ཁོལ་མོ་བྱེད། གཡོག་མོ་བླ་མེད་ཡིན། རང་ནོ་ཁྱེར་ནས་གཞན་ནོར་སོགས་པའི་ཚོང་ཁེ་ཅན་ཚོ། བུ་ཁྱོའི་བདག་མོ་དང་དཔལ་མོ་ཆེ། ཁྱེད་ཀྱི་མི་ལུས་གཙང་མ་ཐོབ་ནས་ཆོས་མི་དྲན་པ། ལས་དང་བྱ་བས་གཡེངས་པ་མ་ཚོར་བར། ངལ་བ་དོན་མེད་མ་བྱེད་ཅིག འཆི་བ་རྗེས་སུ་དྲན་པའི་རྗེད་ངས་ཅན་ཚོ། འཆི་ཁར་ཆོས་མེད་མ་བྱེད་ཅིག ངན་སོང་གསུམ་གྱི་སྡུག་བསྔལ་ལ་མི་འཇིགས་པའི་འཇིགས་སྲན་ཅན་ཚོ། གཏན་སྡུག་གི་ཡུལ་དུ་མ་འགྲོ་ཞིག བུ་ཁྱོ་འདུལ་བའི་དཔའ་མོ་ཚོ། མི་ཚེ་སྟོང་ཟད་མ་བྱེད་ཅིག ནང་ནོར་ཕྱུགས་ལ་སྤྱོད་པའི་ལོངས་སྤྱོད་ཅན་ཚོ། འཧི་ཁར་ནོར་རྣམས་བཞག་ནས་མ་གྲོ་ཞིག ལུས་ལ་བྱི་དོར་བྱེད་པའི་སྐྱེ་འབྲས་ཅན་ཚོ། འཆི་ཁར་ཕུང་པོ་བཞག་ནས་མ་འགྲོ་ཞིག བལ་ཐགས་མཁས་པའི་གོས་བཟང་ཅན་ཚོ། འཆི་ཁར་གོས་མེད་གཅེར་བུར་མ་གྲོ་ཞིག བརྔོ་འཐག་གཡོ་ཡང་མཁས་པའི་ལག་གཡང་ཅན་ཚོ། འཆི་ཁར་རྒྱགས་ཕྱེ་མེད་པར་མ་འགྲོ་ཞིག ལས་ལ་ཟིན་པ་མེད་པའི་རེམ་ལ་ཚོ། འཆི་ཁར་ཡུལ་ཞིང་བཞག་ནས་མ་འགྲོ་ཞིག བུ་ཁྱོ་གསོ་བའི་གཞུང་བཟང་མ་ཚོ། འཆི་ཁར་བུ་མེད་ཁྱོ་མེད་དུ་མ་འགྲོ་ཞིག ཁྲལ་ཐོང་འཇལ་ལེན་བྱེད་པའི་གོ་ཆོད་མ་ཚོ། འཆི་ཁར་ཁྲལ་མ་འཁོར་བར་མ་འགྲོ་ཞིག འཁོར་གཡོག་སྐྱོང་བའི་ཐེག་པ་ཅན་ཚོ། འཆི་ཁར་འཁོར་མེད་གཅིག་པུ་མ་འགྲོ་ཞིག 

ལར་ཉོན་ཅིག་ཟ་མ་བུད་མེད་ཚོ། མཆོད་གནས་དཀོན་མཆོག་གསུམ་ལ་གྱིས། རྟེན་ས་འདི་ལས་བང་བ་མེད་དོ།  །་བླ་མ་མགོ་བོའི་ཐོད་བཞིན་ཁུར། །བཀུར་གནས་འདི་ལས་བཟང་བ་མེད་དོ།  །ཡི་དམ་ཐུགས་རྗེ་ཆེན་པོ་སྒོམས། །སྒྲུབ་རྟེན་འདི་ལས་བཟང་བ་མེད་དོ། [832] །སྙིང་པོ་ཡི་གེ་དྲུག་མ་ཟློས།  །སྒྲིབ་སྦྱོང་འདི་ལས་ལྷག་མ་མེད་དོ། །དད་གུས་མོས་པས་གསོལ་བ་ཐོབ། །བྱིན་རླབས་འདི་ལས་ཆེ་བ་མེད་དོ།  །སློབ་དཔོན་མཆོག་གནས་ཞབས་ནས་ཐེག །བཀུར་གནས་འདི་ལས་བཟང་བ་མེད་དོ།  །ལས་ངན་མི་དགེ་བཅུ་པོ་སྤོངས། །ལས་སུ་འདི་ལས་བཟང་བ་མེད་དོ།  །དགེ་བ་བཅུ་ལ་ལག་ལེན་གྱིས།  །ཆོས་སུ་འདི་ལས་བཟང་བ་མེད་དོ།  །ཕ་དང་མ་ལས་བཀུར་སྟི་གྱིས་ཤིག  དྲིན་ལ་དེ་ལས་ཆེ་བ་མེད་དོ།  །ཕྱུགས་དང་སྒོ་ཁྱི་རེམ་ལ་གསོས་ཤིག བསོད་ནམས་འདི་ལས་ཆེ་བ་མེད་དོ།  །ལྟོགས་ཕོངས་ཅན་ལ་སྦྱིན་པ་ཐོངས་ཤིག སྦྱིན་པ་དེ་ལས་ཆེ་བ་མེད་དོ།  །དུག་ལྔ་སྐྱེ་བའི་འཕོང་ར་སྤོངས་ཤིག  ཆགས་སྡང་དེ་ལས་ཆེ་བ་མེད་དོ།  །ཟེར་ལོ་འདུག་ལོའི་སྨྲ་མཆུ་ཚུམས་ཤིག  ཟག་པ་དེ་ལས་སོགས་པ་མེད་དོ།  །ནངས་ནུབ་སྐྱབས་འགྲོ་རེམ་ལ་གྱིས་ཤིག  ཆོས་སྤྱོད་དེ་ལས་ལྷག་པ་མེད་དོ།  །བླ་མ་དངོས་སུ་བྱོན་ཡང་གདམས་ངག་འདི་ལས་མེད། ཕ་མ་དངོས་སུ་བྱུང་ཡང་བསླབ་བྱ་འདི་ལས་མེད་དོ།  །བསླབ་བྱ་འདི་ལ་ཉན་པ་རྣམས་ནི།  བྱང་ཆུབ་ཐོབ་པར་ཐེ་ཚོམ་མེད་ལ།  མི་ཉན་པ་རྣམས་ངན་སོང་གསུམ་དུ་སྐྱེ་བར་འགྱུར་རོ་ཞེས་སྤྲུལ་པའི་རྒྱལ་པོས། ཟ་མ་བུད་མེད་རྣམས་ལ་བསླབ་བྱར་གསུངས་པའི་ཞལ་གདམས་སོ།  ། ཨིཐི །བཅུ་གཉིས་པོ་དེ་ཞལ་གདམས་བཀའ་ནན་གྱི་སྐོར་ཡིན་ནོ། །

Source:  Rgyal-po Srong-btsan-sgam-po, Ma-ṇi Bka'-'bum, ed. by 'Ba' Seng-khri Chos-grwa Chen-mo, Mtsho-sngon Mi-rigs Dpe-skrun-khang (Lanzhou 2007), pp. 825-832. I noticed these chapters of advice for women in a woodblock printed version of the Mani Kambum found in the Tucci collection in Rome, no. 351, this being vol. WAM (meaning the 2nd and last volume), at around folios 27-28, although I do not at present have access to the complete passage.