སྲུང་གི་གོ་དོན།
སྲུང་ཟེར་མི་འདི་ ལྷག་མི་ཚུ་གི་སེམས་ཁ་ལུ་ དགའ་སྐྱོ་དང་འཁྲུལ་སྣང་ ལ་སོགས་པའི་ ཚོར་ཉམས་འབྱུང་བཅུག་ནི་གི་དོན་ལུ་ མི་དང་སེམས་ཅན། ལྷ་འདྲེ། ཅ་དངོས་ཚུ་གི་སྐོར་ལས་ དངོས་སུ་བྱུང་བྱུངམ་དང་། ཡང་ཅིན། སེམས་ཀྱིས་བཟོ་བཟོ་བའི་ ལོ་རྒྱུས་ཀྱི་འབྱུང་རིམ་ཅིག་ལུ་ སླབ་ཨིན།
སྲུང་ལུ་དབྱེ་བ།
སྤྱིར་བཏང་ སྲུང་ནང་ལུ་དབྱེ་བ་ དངོས་སྲུང་དང་། འཆར་སྲུང་ཟེར་གཉིས་ཡོདཔ་ཨིན།
དངོས་སྲུང་གི་གོ་དོན།
དངོས་སྲུང་ཟེར་མི་འདི་ ག་ཅི་གི་སྐོར་ལས་འབད་རུང་ ཤོབ་སྦེ་མེན་པར་ ངོ་མ་འབད་འབྱུང་མི་ གཏམ་དང་ལོ་རྒྱུས་ཚུ་ལུ་ སླབ་ཨིན། དཔེར་ན། རྣམ་ཐར་དང་། རྒྱལ་རབས། དེ་ལས་ འབྱུང་རབས་བཟུམ་ཨིན།
འཆར་སྲུང་གི་གོ་དོན།
འཆར་སྲུང་ཟེར་མི་འདི་ ག་ཅི་གི་སྐོར་ལས་འབད་རུང་ ངོ་མ་འབད་མེན་པར་ སེམས་ཀྱིས་བཟོ་སྟེ་ བྲིས་མི་ལུ་ སླབ་ཨིན།
སྲུང་ཐུང་ཀུ།
སྤྱིར་བཏང་སྲུང་ཐུང་ཀུ་ཟེར་མི་འདི་ ཚིག་འབྲུ་ ༡ ལས་ ༥༠༠༠ གི་བར་ན་འོང་དགོཔ་དང་། ཤོག་གྲངས་དེ་འབད་བ་ཅིན་ ༡ ལས་ ༥ ལྷགཔ་ཅིག་འོང་དགོཔ་ཨིན།
སྲུང་རིངམོ།
སྲུང་རིངམོ་ཟེར་མི་འདི་ ཚིག་འབྲུ་ ༢༠༠༠༠ ལས་ ༡༠༠༠༠༠ ལྷགཔ་ཅིག་གི་བར་ན་འོང་དགོཔ་ཨིན། ཤོག་གྲངས་དེ་འབད་བ་ཅིན་ ༡༠༠ ལས་ ༥༠༠ དེ་ཅིག་གི་བར་ན་ འོང་དགོཔ་ཨིན་པས།
སྲུང་འབྲི་ཐངས་ཀྱི་གོ་རིམ།
སྲུང་འགོ་བཙུགས་པའི་སྐབས་ ས་གནས་དང་། དུས་ཚོད། དེ་ལས་ སྲུང་རྩེདཔ། གསུམ་ཚུད་དགོཔ་དང་། བར་ན་ འཚོར་ཤུགས། རྙོགས་གཞི་ཚུད་དགོ། མཇུག་ལུ། ཞི་ཐབས་དང་། བཅུད་དོན་འབད་ འབྲི་དགོ།
༉ ལུགས་ཀྱི་བསྟན་བཅོས་ནང་ལས། འབྲི་ཀློག་ཡོན་ཏན་ཀུན་གྱི་གཞི།། ཟེར་མི་ ཚིག་རྐང་ལས་འཕྲོས་ཏེ་ འབྲི་ཀློག་གི་ཡོན་ཏན་གཉིས་ལས་ ལྷག་ནི་ཁག་ཆེ་བའི་སྐོར་ལས་ སྲུང་གི་ཐོགས་ལས་ ལོ་རྒྱུས་ཅིག་བཀོད་ནི་ཨིན། ཧེ་མ་ བོདརྒྱལ་ཁབ་ཀྱི་མི་ཅིག་ རྒྱ་གར་རྒྱལ་ཁབ་ནང་ གཡག་ལྔ་འཁྱིད་དེ་ ཚྭ་བཏོན་པར་སོང་ནུག། ཁོ་གིས་འཁྱིད་མི་ གཡག་ལྔ་གི་གྲལ་ལས་ གཅིག་མཇུག་མ་དཀརཔོ་སྦེ་ཡོད་ནི་འདི་གིས་ མིང་ སྔ་དཀར་ཟེར་སླབ་དོ་ཡོདཔ་མས། བོད་མི་དེ་གིས་ རྒྱ་གར་རྒྱལ་ཁབ་ནང་ལྷོད་དེ་ ཉིནམ་དག་པ་ཅིག་གི་རྒྱབ་ལས་ ཁོ་རའི་ཕམ་སྤུན་ཆ་ཚུ་ལུ་ ཁོ་ ལམ་ཁར་ རྐྱེན་བར་ཆད་ཚུ་ ག་ནི་ཡང་ མ་འབྱུང་པར་ རྒྱ་གར་རྒྱལ་ཁབ་ནང་ ལེགས་ཤོམ་སྦེ་ར་ལྷོད་ཅི། ཨིན་རུང་ གཡག་མཇུག་མ་དཀརཔོ་འབད་མི་དེ་ ཤི་སོང་ཡི་ཟེར་བའི་ གནས་ཚུལ་གྱི་ཡི་གུ་ཅིག་ གཡུས་ཁ་སྡོད་མི་ཚུ་ལུ་ བསྐྱལ་གཏང་ནུག། ཡི་གུ་འདི་ནང་ ང་ར་ན་ཚ་མེད། ཡིན་ཡང་། གཡག་སྔ་དཀར་ཤི་སོང་། ཟེར་བྲིས་ཏེ་ཡོདཔ་ཨིན་པས། ཨིན་རུང་། ཡི་གུ་ལྷག་མི་འདི་ལུ་ ལྷག་ནིའི་རིག་རྩལ་ ཚིག་མཚམས། བརྗོད་མཚམས། ཡིག་སྡེབ་ཚུ་ ལེགས་ཤོམ་མེདཔ་ལས། ཡི་གུ་ལྷག་མི་འདི་གིས་ “ ང་ར་ན། ཚ་མེད། གཡག་ལྔ་དཀར་ཤི་སོང་། ” ཟེར་ལྷག་བྱིན་ནུག། དེ་བསྒང་ གཡུས་ཁར་སྡོད་མི་ཚུ་གིས་ ཁོ་ར་ན། ཚ་ཡང་མཐོབ། གཡག་ལྔཔོ་ཆ་ར་ཤིང་སོང་ཡི་ཟེར་ ཧ་གོཝ་ལས། ཤུལ་ལས་ ཚྭ་བཏོན་པར་འགྱོ་མི་ མི་དེ་ ལོག་གཡུས་ཁར་ལྷོདཔ་ད་ ཁོ་གི་དོན་ལུ་ དགེཝ་དགེ་རྩ་ཚུ་ཡང་ ག་ར་ མཇུག་བསྡུ་ནུག། ཟེར་ཨིན་པས་གོ།
བཅུད་དོན།
དེ་འབད་ནི་འདི་གིས་ ང་བཅས་ར་ཚུ་ལུ་ འདི་བཟུམ་མའི་སྐྱོན་དང་ འཛོལ་བ་ཚུ་ མི་འབྱུང་ནི་གི་དོན་ལུ་ ལྷག་ནིའི་རིག་རྩལ་ཚུ་ ད་ལྟོ་ལས་ སྦྱང་བ་འབད་དགོཔ་ཁག་ཆེཝ་ཨིན་པས་གོ།
༉ སུམ་ཅུ་པའི་རྩ་བ་ནང་ལས། ཡི་གེ་སྦྱོར་བ་ལ་འཁྲུལ་ན།། དོན་རྣམས་འཁྲུལ་པ་སྨོས་ཅི་དགོས།། ཟེར་མི་ ཚིག་རྐང་གཉིས་ལས་འཕྲོས་ཏེ་ ཡིག་སྡེབ་མ་འཛོལ་བར་ འབྲི་དགོ་པའི་སྐོར་ལས་ སྲུང་གི་ཐོགས་ལས་ ལོ་རྒྱུས་ཅིག་བཀོད་ནི་ཨིན། ཧེ་མ་རྒྱ་གར་གྱི་རྒྱལཔོ་དང་ བོད་ཀྱི་རྒྱལཔོ་གཉིས་ ཆ་རོགས་འཆམ་ཏོག་ཏོ་ཨིན་དོ་ཡོདཔ་མས། ཚར་གཅིག་འབདཝ་ད་ བོད་ཀྱི་རྒྱལཔོ་གིས་ ཕོ་བྲང་ (ཁྱིམ) གསརཔ་ཅིག་བཞེངས་ཏེ་ ཚོན་གཏང་ནིའི་དོན་ལུ་ རྒྱ་གར་གྱི་རྒྱལཔོ་ལྟོ་ཚང་དེ་ལུ་ “ ཁྱོད་ཀྱིས་ང་ལུ་ མཚོན་ཅིག་བསྐྱེལ་གཏང་གནང་ ” ཟེར་ཡི་གུ་ཅིག་བྲིས་ནུག། རྒྱ་གར་གྱི་རྒྱལཔོ་འདི་གིས་ མཚོན་ཟེར་མི་ ཡིག་སྡེབ་དེ་ དམག་རྐྱབ་ད་གྱོན་ནིའི་ གོ་ཁྲབ་དང་གོ་མཚོན་ཚུ་ལུ་ གོ་དོ་ཡོདཔ་ལས་ དམག་རྐྱབ་ད་གྱོན་ནིའི་ གོ་ཁྲབ་དང་ གོ་མཚོན་ལེ་ཤ་བསྐྱལ་བཏང་ནུག། ཤུལ་ལས་ ཅ་ལ་འདི་བོད་ལུ་ལྷོདཔ་ད་ བོད་ཀྱི་རྒྱལཔོ་གིས་ བསྐྱལ་གཏང་ཟེར་ སླབ་མི་ཚོན་དེ་མེནམ་ལས་ རྒྱ་གར་གྱི་རྒྱལཔོ་ཆ་རོགས་དེ་ལུ་ དེ་སྦེ་སླབ་ནུག། དབའེ༑ ལྟོ་ཚང་ག་དེ་སྦེ་སྨོ? ང་ ཕོ་བྲང་གསརཔ་བསྒྲུབས་སྦེ་ ཚོན་གཏང་ནི་ཨིན་ས་གིན་ ཁྱོད་ཀྱིས་ ང་ལུ་ གོ་མཚོན་ལེ་ཤ་བསྐྱེལ་བཏང་ནུག་པ་ཡ། ཟེར་དྲིཝ་ད། རྒྱ་གར་རྒྱལཔོ་གིས་ “ ཆ་རོགས་ ཁྱོད་རང་གིས་བསྐྱལ་མི་ཡི་གུ་ནང་ར་ དེ་སྦེ་འདུག། ག་དེ་སྦེ་འབད་ནི་། ” ཟེར་སླབ་ནུག། ཤུལ་ལས་ རྒྱལཔོ་ཁོ་ར་གིས་ ལེགས་ཤོམ་སྦེ་ དབྱེ་དཔྱད་འབད་ལྟཝ་ད་ ཡིག་སྡེབ་ལུ་ འཛོལ་བ་ཞུགས་ཞུགསཔ་ཨིནམ་མཁྱེནམ་ལས་ ངོ་ཚ་དགོཔ་འབྱུང་ནུག་གོ།
བཅུད་དོན།
དེ་འབདཝ་ལས་ ང་བཅས་ར་ཚུ་གིས་ ཡི་གུ་འབྲི་བའི་སྐབས་ དོན་དདག་ག་ཅི་གི་དོན་ལུ་བྲིཝ་ཨིན་ན་ ལེགས་ཤོམ་སྦེ་དབྱེ་དཔྱད་འབད་དེ་ མ་འབྲི་བ་ཅིན་ དོན་དག་ཕྱི་འགྱུར་འགྱོ་ནི་གི་ཉེན་ཁ་ཡོདཔ་ལས་ ག་ར་གིས་ དོན་དག་དང་འཁྲིལ་ཏེ་ ཡིག་སྡེབ་ཚུ་ འབྲི་དགོཔ་ཁག་ཆེཝ་ཨིན།
བྱ་སྲེག་པའི་ཕྱུ་གུ་ལུ་སྐྱེ་པ།
༉ ང་བཅས་ར་ཚུ་གིས་ བདེན་པའི་ཚིག་འདི་ བསྒོམས་པ་ཅིན་ མེ་གིས་ཡང་ འཚིག་མི་ཚུགས། ལོ་རྒྱུས་འདི་ཡང་ སྔོན་བྱང་ཆུབ་སེམས་དཔའ་ དགོན་པའི་གནས་ཅིག་ནང་ བྱ་སྲེག་པའི་ཕྱུ་གུ་གཅིག་ལུ་ སྐྱེ་བ་བཞེས་ཏེ་ ཉིན་གྲངས་ལེ་ཤ་་མ་འགྱོ། གཟུགས་ལུ་སྤུ་ཡང་མ་སྐྱེས། གཟུགས་གནམ་མེད་ས་མེད་སྦྱེག་ཁོག་འབད་ ཁོ་རའི་ཕམ་གཉིས་ཀྱིས་ ཚང་བཅའ་སྟེ་ཡོད་མི་ རྩྭ་དང་། ཧོན་ལྡུམ་སྟུག་པག་པ་གི་ནང་ལུ་ སྤུན་ཆ་ཚུ་དང་གཅིག་ཁར་ སྡོད་ནུག། དེའི་སྐབས་ལུ་ཡང་ བྱི་ཅུང་འདི་ ཆོས་དང་འབྲེལ་བ་སྦོམ་ཡོདཔ་ལས་ ཕམ་གཉིས་ཀྱིས་འབག་འོང་མི་ སྲོག་ཆགས་འབུབ་ཀྱི་རིགས་ཚུ་མ་ཟ་བར་ རྩྭའི་ལྕུག་གུ་དང་། ཤིང་ནྱ་གྲོདྷའི་རྡོག་མ་རྐྱངམ་གཅིག་ བཟའ་སྟེ་བཞུགས་ནུག། འདི་གིས་འབད་ ཁོ་ སྤུན་ཆ་གཞན་ཚུ་བཟུམ་ ཁེ་ཀོ་དང་། གཤོག་སྒྲོ་ཚུ་ ལེགས་ཤོམ་སྦེ་ བཏགས་མ་ཚུགས་པས།
དེ་ཅིག་གི་བར་ན་ ཁོང་གིས་ཚང་བཅའ་ཡོད་པའི་ ནགས་ཚལ་སྦོམ་འདི་ མེ་སྦོམ་འབར་ཡོདཔ་ལས་ འདི་ནང་སྡོད་མི་ རི་དྭགས་སེམས་ཅན་ཚུ་ག་ར་ འདྲོག་སྟེ་ བྱོག་ཡར་སོང་ནུག། ཨིན་རུང་ བྱང་ཆུབ་སེམས་དཔའི་སྤྲུལ་པ་ བྱི་ཅུང་དེ་ ལུས་ལུ་ཁེ་ཀོ་མེད་པའི་ཁར། གཤོག་པ་ཡང་ མ་བཏགས་ནི་འདི་གིས་ འཕུར་མ་ཚུགས་པར་ ཚང་འདི་ནང་ར་ ལུས་སོང་ནུག། འདི་གིས་འབད་ ཁོ་གིས་ མེ་དེ་ལུ། “ ང་ལུ་ རྒྱུགས་ཚུགས་པའི་རྐངམ་དང་། འཕུར་ཚུགས་པའི་གཤོག་པ་མེད། ངེའི་ཕམ་སྤུན་ཆ་ཚུནི། ཁྱོད་ལུ་འདྲོག་སྟེ་ འབྱོག་ཡར་སོང་ཡི། ཁྱོད་མགྱོནམ་འབད་ ནང་ན་ འབོ་གེ་ཟེརན། ནཱ་ལུ་ ག་ཡང་མེད། དེ་འབདཝ་ལས་ ཁྱོད་ར་ ནཱ་ལས་ལོག་འབྱོན་སོང་། ” ཟེར་གསུངམ་ལས་ རྩྭ་སྐམ་གུ་ལས་ མེ་སྦོམ་འབར་ཡོད་མི་འདི་ གངས་མགུ་ལས་ ཆུ་ཆུང་ཀུ་ཅིག་སྐད་རྐྱབ་འོང་མི་འདི་གིས་ བསད་ཡོདཔ་མ་ཚད་ རི་ཁ་ལས་ དགོན་པའི་ཁ་ཐུག་འཕྱེལ་ཏེ་འགྱོ་མི་ མེ་ཚུ་ཡང་ག་ར་ ཤི་སོང་ནུག་གོ། སྐྱེ་རབས་སོ་བཞི་གི་ནང་ལས་ བྱ་སྲེག་པའི་ཕྱུ་གུ་ལུ་ སྐྱེས་བའི་རབས་ཏེ་ བཅུ་དྲུག་གོ།
ཧེ་མ་སེངྒེ་ཅིག་ཉལ་སྡོདཔ་ད་ བྱི་ཙི་ཅིག་གིས་ཡར་མར་བརྒྱུགས་སྟེ་ གཉིད་ཙ་ལས་ལོག་མ་བཅུག་པས། དེ་འབདཝ་ལས་ སེངྒེ་དེ་ ཙིགཔ་ཟ་སྟེ་ བྱི་ཙི་གིས་ལྡེའུ་ཞ་གུར་ བཟུང་ཞིནམ་ལས་ བསད་ནི་འབད་ནུག། ཨིན་རུང་ བྱི་ཙི་གིས་ སེངྒེ་ལུ་ ཁོ་ཚེ་ཐར་བཏང་གནང་། དེ་བཟུམ་མའི་བྱ་ངན་ཤུལ་ལས་ སེམས་ཅན་ག་ལུ་ཡང་ མི་འབདཟེར་ ཁས་བླང་འབདཝ་ལས་ སེངྒེ་ཀྱིས་ བྱི་ཙི་དེ་ ཚེ་ཐར་བཏང་ད་ནུག་གོ།
ཧེ་མ་ སྤང་དགའ་ཏོག་ཏོ་ཅིག་ནང་ གསེར་སྦྱངམ་ སྐད་ཧན་ཏོང་ཏོ་ཅིག་ཡོད་དོ་ཨིན་པས། གསེར་སྦྱངམ་འདི་གིས་ ཨ་རྟག་ར་ མེ་ཏོག་ཚང་ནང་སོང་སྟེ་ མེ་ཏོག་མ་འདྲཝ་ཚུ་ལས་ སྦྲང་རྩི་འཇིབ་འབག་འོང་ཞིནམ་ལས་ ག་གིས་ཡང་ མ་ཤེསཔ་སྦེ་ བསག་བཞག་དོ་ཡོདཔ་མས། ཚར་ཅིག་འབདཝ་ད་ གསེར་སྦྱངམ་གིས་ སྦྲང་རྩི་འཇིབ་འབག་འོང་ས་ ཨ་ཝ་གླང་གིས་མཐོང་སྟེ་ དེ་སྦེ་སླབ་ནུག། “ དབའེ་ གསེར་སྦྱངམ། ཁྱོད་ཀྱིས་སྦྲང་རྩི་བསགས་བཞག་སྟེ་ ཁུངས་ག་ནི་ཡང་མེད། དེ་བ་འདི་ མ་ཕངས་པར་ ག་ར་བཟའ་ད་ ” ཟེར་སླབ་ནུག། ཨིན་རུང་ གསེར་སྦྱངམ་འདི་གིས་ ཉན་མ་བཏུབ་པར་ བསགས་བཞག་པའི་ཤུལ་ལུ་ མི་དག་པ་ཅིག་གིས་མཐོང་སྟེ་ གསེར་སྦྱངམ་གི་ཚང་འདི་གཏོར་བཏངམ་ལས་ གནམ་མེད་ས་མེད་ སེམས་ཤི་དགོཔ་འབྱུང་ནུག། དེ་མ་ཚད་ ཉིནམ་འདི་ལས་འགོ་བཙུགས་ གསེར་སྦྱངམ་དེ་ སྦྲང་རྩི་བསགས་བཞག་ནི་ བཤོལ་བཞག་སྟེ་ མོ་ར་ ལངམ་ཅིག་ལོངས་སྤྱོད་དེ་ སྡོད་ནུག་གོ།
བྲིས་མི། ཆོས་དབྱིངས་འོད་གསལ་ཚེ་རིང་།
སློབ་རིམ་ ༥ པ།
ཧེ་མ་ བསོད་ནམས་ ཟེར་མི་བུཚ་ཅིག་ཡོདཔ་མས། བུཚ་བསོད་ནམས་འདི་ ཚེ་ཧེ་མ་ ཚོགས་སྦོམ་བསགསཔ་ལས ཕམ་ཕྱུགཔོ་གཉིས་ཀྱི་སྒོ་ཁར་སྐྱེས། ལཱ་ཟེརཝ་ག་ནི་ཡང་ འབད་མ་དགོ་པར་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་སྡོད་ནུག། བསོད་ནམས་ལུ་ ལཱ་གཡོག་བཀོལ་ནི་ཕར་བཞག། ཐ་ན་ ཁོང་རང་གིས་གྱོན་པའི་གོ་ལ་དང་། ཕོརཔ་ཐ་ལི་ཅིག་ལས་ འགོ་བཙུགས་ཏེ་ ཨའི་གིས་ འཁྱུ་འབྱིནདོ་ཡོདཔ་མས། དེ་འབད་ནི་་ནི་འདི་གིས་ སེམས་ལུ་ཚ་གྱང་ ག་ནི་ཡང་ འབག་མ་དགོ་པར་ སློབ་རིམ་༥ པ་ནང་ལྷོད་ནུག། ཚར་གཅིག་འབདཝ་ད་ བསོད་ནམས་ཀྱིས་ སློབ་གྲྭའི་དུས་ཚོད་ཁར་ ཆ་རོགས་ངན་པ་ཚུ་དང་ ཁ་བསྡོམས་ཏེ་ སྨྱོ་རྫས་བཟའ། ཏམ་ཁུ་འཐུང་། དེ་ལས་སློབ་ཁང་གི་སྦྱོང་ལཱ་ཚུ་ཡང་ དུས་ཚོད་ཁར་ འབད་མ་བཏུབ་པས། དེ་འབད་ནི་འདི་གིས་ ཁོ་རའི་ སློབ་ཁང་གི་སློབ་དཔོན་དང་ ཕམ་གཉིས་ཀྱི་བར་ན་ ཁ་སླབ་དགོཔ་འབྱུང་ནུག། ཕམ་གཉིས་ཡང་ ཁོང་ར་གཉིས་ཀྱི་བུ་ བསོད་ནམས་ཀྱི་སྐོར་ལས་ གནས་ཚུལ་འཐོབ་མི་ལུ་ སེམས་མ་དགའ་བར་ ག་ཅི་འབདཝ་དྲག་ག? ཟེར་མནོ་བསམ་བཏང་དགོཔ་འབྱུང་ནུག། ཨིན་རུང་ ཨ་པ་འདི་ ཤེས་ཡོན་ཡོད་མི་ཅིག་ འབད་ནི་འདི་གིས་ དུས་འཕྲོ་ལས་ གནས་སྐབས་བཏོན་ཞིན་ན་ ཁོང་ཕམ་གཉིས་ ལོ་གཉིས་ཀྱི་རིང་ ཕྱི་རྒྱལ་ཁབ་ཧོང་ཀོང་ལུ་ དཔེ་ཆ་ལྷབ་བར་འགྱོ་ནི་ཨིན་ཟེར་སླབ་སྟེ་ བུ་འདི་ གཡུས་ཁའི་ ཨ་རྒས་དང་ཨང་རྒས་འབད་སར་ འཁྱིདབསྐྱལ་ནུག། བུཚ་བསོད་ནམས་དེ་ གཡུས་ཁར་ལྷོད་པ་ད་ སྨྱོ་རྫས་དང་། ཏམ་ཁུ་མ་འཐོབ་པར་ ཤུགས་སྦེ་ན་སྟེ་ སློབ་གྲྭ་ནང་ འགྱོ་མ་ཚུགས་པས། ཨ་རྒས་དང་ཨང་རྒས་ཀྱིས་ཡང་ ཁོ་ དྲནམ་བཏགས་བཅུག་ནི་གི་དོན་ལུ་ ཁོ་གི་ནད་གཡོག་རྐྱབ་ནི་ཕར་བཞག་ ཁྱིམ་ནང་ རྐངམ་ར་ མ་བཀལ་བར་ ཞིང་ནང་ལཱ་འབད་སྡོད་ནུག། དེ་བསྒང་ བུཚ་བསོད་ནམས་ཀྱིས་ མནོ་བསམ་ལུ་ ཕམ་གཉིསཔོ་འདི་ ག་དེམ་ཅིག་ དྲིན་ཆེཝ་ཨིན་ན? ཧ་གོ་ཚུགས་ནུག། ཉིནམ་གཉིས་ཀྱི་རྒྱབ་ལས་ བསོད་ནམས་དེ་ ཨ་རྟག་ཧ་ལུགས་ དྲག་སོང་ནུག། དཔྱེ་གཏམ་ནང་ལས། བུ་མཁས་རུང་།། ཕ་མའི་བསླབ་བྱ་དགོ། ཟེར་དོ་བཟུམ་ ཨ་རྒས་དང་ཨང་རྒས་ཀྱིས་ ཁོ་རའི་ཚབོ་འདི་ འཛོལ་བའི་ལམ་ལས་ བཏོན་ནི་གི་དོན་ལུ་ ཉིན་ནུབ་མེད་པར་ བསླབ་བྱ་ཚུ་ འབྱིན་དོ་ཡོདཔ་ཨིན་མས། ཁོ་ ཧེ་མ་ཉལ་ཏེ་སྡོད་མི་ཅིག་ཨིན་རུང་ ཤུལ་ལས་ གཡུས་ཁར་ལྷོད་དེ་ དྲོ་པ་ཧ་བསགས་ལོང་སྟེ་ ཕྱག་འཚལ་ནི་དང་། མཆོདཔ་འཕུལ་ནི་ཚུ་ལུ་ ཉིནམ་གཅིག་བ་ཉིནམ་གཅིག་ སྤྲོ་བ་འཕེལ་ཏེ་ འགྱུར་བཅོས་ཡར་སོང་ནུག། ཨང་རྒས་དང་ཨ་རྒས་ཀྱིས་ ཁོ་ལུ་ བསླབ་བྱ་དང་ གཡུས་ཁའི་གནས་སྟངས་ཚུ་ ཧ་གོ་བཅུག་ནི་གི་དོན་ལུ་ ཤིང་འཐུ་ནི། ནོར་སེམས་ཅན་ཚུ་ བདག་འཛིན་འཐབ་ནི་གིས་ ལཱ་ཚུ་བཀོལ་ནུག། ལོ་གཉིས་ཀྱི་རྒྱབ་ལས་ ཨ་པ་དང་ཨའི་གཉིས་ཡང་ དཔེ་ཆ་ལྷབ་ས་ལས་ ལོག་ལྷོད་དེ་ བུ་དེ་ ལེན་པ་འགྱོཝ་ད་ ཁོ་ གཡུས་ཁར་ ཨ་རྒས་དང་ཨང་རྒས་ལུ་ ཆ་རོགས་འབད་དེ་སྡོད་ནི་ཨིན་ ཟེར་སླབ་ཡོདཔ་མ་ཚད་ བློ་སླབ་པའི་སྐབས་ལུ་ཡང་ ཞེ་སའི་ཚིག་ཚུ་ བཙུགསཝ་ཏེ་སླབ་ལས་ ཕམ་གཉིས་ངལ་རངས་ཏེ་ བུ་འདི་ལུ་བལྟ་སྟེ་ དགའ་སྤྲོ་ཚད་མེདཔ་ཅིག་ འབྱུང་ནུག་གོ།
བྲིས་མི། ཚེ་རིང་དབང་མོ།
སློབ་རིམ་༥ པ།
ཧེ་མ་ ཚལ་མ་ཅིག་ནང་ བོང་ཀུ་གཅིག་ རྩྭ་བཟའ་འབད་སྡོདཔ་ད། སྟག་ལྟོགསཔ་ཅིག་གིས་ མཐོང་ནུག། སྟག་དེ་གིས་ “ ད་འབདན་ཀྲིག་ཀྲི་ར་ཨིན་པས་ ” ཟེར་འགྲོས་ཀྱི་གཏང་ བོང་ཀུ་ཁ་ཐུག་སོངམ་ད་ བོང་ཀུ་གི་ཆ་རོགས་ ཕྱྭ་རྒོད་ཅིག་ ཡོད་མི་དེ་གིས་མཐོང་སྟེ་ སྐད་རྐྱབ་ནུག། དེ་བསྒང་ སྟག་དེ་ཨ་ཙི་ཅིག་ཐེ་ཚོམ་ཟ་སྟེ་ འདྲོག་དོ་བཟུམ་་འབད་ནུག། ཨིན་རུང་ བོང་ཀུ་དེ་གིས་ སྟག་དེ་མཐོང་སྟེ་ “ ཨག་ཁའི༑ སྟག་དེ་ སེམས་ཅན་ཆུང་ཀུ་ཕྱྭ་རྒོད་བཟུམ་ཅིག་ལུ་ཡང་འདྲོག་སྟེ་སྡོད་པ་ཅིན་ ང་བཟུམ་མའི་་ སེམས་ཅན་སྦོམ་ལུ་དེ་ ག་ཅི་མི་འདྲོག་པ་ ” ཟེར་སླབ་འབད་ སྐད་ག་ནི་བ་སྦོམ་འབད་རྐྱབ་ཅི་ར་ སྟག་དེ་འབད་སར་ འཛིངས་པར་འགྱོཝ་ཨིན་ཟེར་ འགྱོཝ་ད་ སྟག་གི་སྦོ་ལོགས་ལྷོདཔ་ཅིག་ ཐེངས་ཕོག་ཅིག་གུ་མཆོངས་འོང་སྟེ་ བསད་ད་ནུག་གོ།
བཅུད་དོན།
སྲུང་འདི་བཅུད་དོན་དེ་ ང་བཅས་ག་ར་འབད་རུང་ རོགས་ཀྱི་ཚོད་མ་མཐོངམ་ལས་ ང་རྒྱལ་གུ་བཀལ་དེ་ མཐོངམ་བཟོ་ནི་མི་འོང་ ཟེར་བའི་དོན་ཨིན་མས་།
༉ ཧེ་མ་ ཆུ་རྫིང་ཅིག་ནང་ སྦལཔ་ལེ་ཤ་སྡོད་ནུག། ཁོང་སྦལཔ་ཚུ་ ཆུ་རྫིང་འདི་ནང་ དགའ་ཏོག་ཏོ་སྦེ་ སྡོད་དོ་ཡོདཔ་མས། ཉིནམ་ཅིག་འབདཝ་ད་ སྦལཔ་གཉིས་ཀྱི་བར་ན་ འཐབ་འཛིང་འབྱུངམ་ལས་ ཁོང་སྦལཔ་ཚུ་ག་ར་ རང་སོའི་ཕྱོགས་བཟུང་སྟེ་ སྡེ་ཚན་གཉིས་ལུ་ ཁ་དབྱེ་ཡར་སོང་ནུག། དེ་འབདཝ་ལས་ ཁོང་སྡེ་ཚན་གཉིས་ཀྱི་བར་ན་ ཧིང་གྲམ་བཞག་སྟེ་ གཅིག་གིས་གཅིག་ལུ་ སྨ་ཕབ་རྐྱབ། ཁ་བཏང་དོ་ཡོདཔ་མས། ཉིནམ་ཅིག་འབདཝ་ད་ སྦལཔ་སྡེ་ཆན་གཅིག་གིས་ སྦུལ་འབད་སར་སོང་ཞིན་ན་ ཁོང་གི་བྱངམ་འཕྱད་སྡེ་ཚན་དེ་ ག་ར་ཟ་བཏང་ཟེར་ སླབ་ནུག། སྦུལ་གྱིས་ཡང་ བཏུབ་ཟེར་ཁ་བཟེད་དེ་ ཆུ་རྫིང་ནང་སྡོད་དེ་ ཉིནམ་རེ་ནང་ ཁོང་གི་བྱངམ་འཕྱད་ སྦལཔ་གསུམ་རེ་བཟའ་སྟེ་ སྐྱིད་ཉམས་སྐྱོང་སྟེ་ སྡོད་ནུག། དེ་སྦེ་ སྡོད་དེ་ ཡུན་མ་རིངམ་ཅིག་ནང་ ཁོང་གི་བྱངམ་འཕྱད་སྡེ་ཚན་དེ་ ག་ར་ ཟ་ཚར་ནུག། དེ་ལས་ ཆུ་རྫིང་འདི་ནང་ འཁྱིད་འོང་མི་ སྦལཔ་སྡེ་ཚན་དེ་གིས་ སྦུལ་དེ་ ཆུ་རྫིང་འདི་ནང་ལས་ འཐོན་སོང་ཟེར་ སླབ་ནུག། ཨིན་རུང་ སྦུལ་དེ་ ཆུ་རྫིང་འདི་ནང་ལས་ ལྟོ་འཇམ་ཏོང་ཏོ་སྦེ་ ཐོབ་ནི་དེ་གིས་ འཐོན་འགྱོ་མ་བཏུབ་མ་ཚད་ ཁོང་ར་ཚུ་ཡང་ ག་ར་ཟ་བཏངམ་ལས་ བློ་འགྱོད་སྦོམ་བསྐྱེད་དགོཔ་འབྱུང་ནུག་གོ།
བཅུད་དོན།
དེ་འབདཝ་ལས་ ང་བཅས་ག་ར་འབད་རུང་ ཐག་རིང་རྒྱང་གི་གཉེན་ལས་ གདང་རས་སྦུག་གི་དགྲ་དགའ་དགོཔ་དེ་ ག་ཅི་དེ་ ཁག་ཆེཝ་ཨིན་པས་ཟེར་ཞུ་ནི་ཨིན།
ཧེ་མ་ སྤང་དགའ་ཏོག་ཏོག་ཅིག་ནང་ ཤཝ་ཕོ་མོ་གཉིས་ཡོདཔ་མས། ཁོང་ ཤཝ་ཕོ་མོ་གཉིས་ གཅིག་གིས་གཅིག་ལུ་ བྱམས་པ་དང་བརྩེ་བ་སྦོམ་ཡོདཔ་ཨིན་པས། ཉིནམ་ཅིག་འབདཝ་ད་ ཤཝ་ཕོ་དེ་ ཤ་རོགས་པའི་ཧིང་ནང་ལུ་ ཚུད་སོངཔ་ཨིན་པས། ཤཝ་དེ་ ཧིང་ནང་ལས་ཐར་ནི་གི་དོན་ལུ་ ག་དེ་ཅིག་སྤར་རུང་ མ་ཐར་ མ་ཚད་ ཧིང་གི་ཐགཔ་གིས་ རྐངམ་གི་ཤ་ཚུ་ཡང་ ག་ར་བཏོག་བཏང་ནུག། ཚར་གཅིག་ ཤཝ་མོ་དེ་ འདྲོགས་པའི་ཤུགས་ཀྱི་ ཤཝ་གཞན་ཚུ་དང་གཅིག་ཁར་ འབྱོག་ཡར་སོང་ནུག། ཨིན་རུང་ ལམ་བར་ན་ སྐོརམ་གཅིག་ཁར་ལྷོདཔ་ད་ མོ་རའི་རྨགཔ་དེ་ སེམས་ཁར་དྲནམ་ལས་ ལོགས་འོང་སྟེ་ བལྟཝ་ད་ མོ་གི་རྨགཔ་དེ་ ཤ་རོགས་པའི་ ཧིང་ནང་ལས་ཐར་ནིའི་ རེ་ཐག་ཆད་ནུག། ཨིན་རུང་ དང་པར་དུ་ ཁོང་ར་ ཕོ་མོ་གཉིས་ཀྱི་བར་ན་ བྱམས་པ་དང་བརྩེ་བ་སྦོམ་ཡོདཔ་ལས་དང་། གཉིས་པར་དུ་ མོ་རའི་ རེ་བ་རྫོགས་ནི་གི་དོན་ལུ་ ཐབས་སྣ་ཚོགས་བཏོན་ཏེ་འབད་རུང་ ཤཝ་ཕོ་དེ་ ཧིང་ནང་ལས་ བཏོན་མ་ཚུགས་པས། ཤཝ་ ཕོ་ ཁོ་ར་ཡང་ ཧིང་ནང་ལས་ཐར་ནིའི་ རེ་བ་རྫོགསཔ་ལས་ ཤཝ་མོ་ལུ་ དེ་སྦེ་སླབ་ནུག། “ ངེའི་བརྩེ་བའི་གཉེན་གྲོགས་ ངནི་འདི་ནང་ལས་ཐར་ནིའི་ ཐབས་མིན་འདུག། དེ་བ་འདི་ ཁྱོད་ར་ནཱ་ལས་འབྱོག་ཡར་སོང་། ལྟ་མ་ ཤ་རོགསཔ་དེ་ འོང་པ་ཅིན་ ང་བཅས་གཉིས་ཆ་ར་ བསད་ནིའི་ཉེན་ཁ་སྦོམ་འདུག། ང་ ཤི་སོ་རུང་ ཁྱད་མེད་ ཟེར་སླབ་ནུག། དེ་ཅིག་གི་བར་ན་ ཤ་རོགསཔ་དེ་ ལགཔ་ཁར་ དཔའ་རྟགས་རྣོས་ཚ་ཁི་ཁི་འབད་མི་ཅིག་འབག་སྟེ་ ཤཝ་ཕོ་དེ་འབད་སར་ བསད་པ་འོང་ནུག། དེ་ལས་ ཤཝ་མོ་གིས་ དེ་འཕྲོ་ལས་ ཤ་རོགསཔ་འབད་སར་སོང་ཞིན་ན་ ལགཔ་གཉིས་ཕྱག་འཚལ་བའི་བརྡ་ཚོན་འབད་ ས་ཁར་བཙུགས་ཞིན་ན་ དེ་སྦེ་སླབ་ནུག། “ ངེའི་སྙིང་རྗེ་ཅན་གྱི་ཤ་རོགསཔ་ ད་ལྟོ་ ཁྱོད་ཀྱི་ཧིང་ནང་ཚུད་མི་ཤཝ་དེ་ ངེ་གི་རྨགཔ་ཨིན། ནཱ་ལུ་ བྱམས་པའི་སེམས་ཅིག་ཡོད་པ་ཅིན་ ཁོ་ཚེ་ཐར་བཏང་ཞིནམ་ལས་ ང་ བསད་གནང་། ཁོ་བ་ ངེ་གི་ཤ་འདི་ཞིམོ” ཟེར་སླབ་ནུག། ཤ་རོགསཔ་དེ་ཡང་ ཤཝ་མོ་གིས་ མི་བཟུམ་ ཁ་སླབ་ཚུགས་མི་ལུ་ལྟ་ ཧ་ལས་ནུག། དེ་མ་ཚད་ མོ་གིས་ མོ་རའི་རྨགཔ་གི་དོན་ལུ་ ཐེ་ཚོམ་ག་ནི་ཡང་མེད་པར་ མོ་རའི་སྲོག་བློས་བཏང་ཚུགས་མི་ལུ་ ཡིད་ཆེས་ཏེ་ ཤ་རོགསཔ་གིས་ དེ་སྦེ་སླབ་ནུག། “ དབའེ་ ག་ནི་བ་ལེགས་པའི་ཤ་མོ། དང་པ་ཁྱོད་ཀྱིས་ མི་བཟུམ་ཁ་སླབ་ཚུགསཔ་མ་ཚད། གཉིས་པ་ རྨགཔ་གི་དོན་ལུ་ ཁྱོད་རའི་སྲོག་བློས་བཏང་ཚུགས་མི་འདི་ ཡ་མཚན་ཅན་ཅིག་ཨིན་པས། དེ་འབདཝ་ལས་ ང་གིས་ ཁྱོད་ཤཝ་བཟའ་ཚང་གཉིས་ཆ་ར་ ཚེ་ཐར་བཏང་ནིའི་ཨིན་ ཟེར་སླབ་འབད་ ཤཝ་ཕོ་དེ་ ཧིང་ནང་ལས་བཏང་ད་ནུག་གོ།
བཅུད་དོན།
དེ་འབདཝ་ལས་ ང་བཅས་ར་ག་ར་འབད་རུང་ སྲོག་གཅོད་ནི་ལཱ་ཚུ་ སྤང་གནང་ ཟེར་ཞུ་ནི་ཨིན།
སྔོན་མ་རྒྱལ་ཁབ་ཅིག་ནང་ རྒྱལཔོ་ཅིག་བཞུགས་ཡོདཔ་མས། རྒྱལཔོ་དེ་ལུ་ ཨ་ཞེ་ལེ་ཤ་ཡོདཔ་མས། ཨ་ཞེ་གཅིག་གིས་ ཕོ་སྐྱེ་གཞན་མི་གཅིག་དང་ གཅིག་ཁར་ ལཱ་ཕྱི་འགྱུར་འབད་སྡོད་སྡོདཔ་མས། དེ་སྦེསྡོད་དེ་ ཡུན་རིངམོ་འབད་སོང་པའི་ཤུལ་ལུ་ རྒྱལཔོ་གིས་མཁྱེན་ཏེ་ ཕོ་སྐྱེས་དེ་ བཙོན་ནང་བཙུགས། ཨ་ཞེ་དེ་ བཙུན་མོའི་གྲལ་ལས་བཏོན་བཏང་ནུག། ཨ་ཞེ་དེ་ སེམས་དགའ་བའི་ཕོ་སྐྱེས་འདིན་ བཙོན་ནང་བཙུགས། མོ་ར་ བཙུན་མོའི་གྲལ་ལས་བཏོན་བཏང་ནི་འདི་གིས་ འགྱོ་ས་དང་སྡོད་ས་ ག་ཏེ་ཡང་མེད་པར་ ཕར་བཤལ་ཚུར་བཤལ་འབད་སྡོད་སྡོད་པའི་བར་ན་ ཆུ་ཅིག་གིས་ སྦོ་ལོག་ཁར་ལྷོད་ནུག། ཨ་ཞེ་དེ་ ཆུ་འདི་གི་རྩ་བར་ ལམ་འགྲུལཔ་ཚུ་དང་ ཉ་ཚུ་ལུ་ ལྟོདམ་བལྟ་འབད་སྡོད་ནུག། ཡུདཔ་ཅིག་ཁ་ལས་ འ་དོམ་གཅིག་ ཁ་ནང་ ཤ་གཅིག་འབག་སྦེ་ ཨ་ཞེ་དེ་གི་རྩ་བར་ལྷོད་ནུག། འ་དོམ་དེ་གིས་ ཨ་ཞེ་གིས་ བལྟ་སྡོད་སྡོད་པའི་བར་ན་ར་ ཆུ་ནང་ ཉ་ལེ་ཤ་མཐོངམ་ལས་ ཟ་འདོད་སྦོམ་བསྐྱེད་དེ་ ཤ་སྤང་ན་བཀོ་བཞག་སྦེ་ ཉ་བཟུང་ནིའི་དོན་ལུ་ ཆུ་ནང་འཆོངས་ད་ནུག། དེ་ལས་ ཆུ་ནང་གི་ཉ་ཚུ་ འདྲོག་པའི་ཤུགས་ཀྱིས་ ག་ར་ རང་རང་སོ་སོའི་ཚང་ནང་ འཛུལ་ཡར་སོངཔ་ཨིན་པས། འ་དོམ་དེ་ སྤང་ནང་བཞག་མི་ཤ་ བྱ་རྒོད་ཀྱི་འཐུ་འབག། ཆུ་ནང་ལས་ ཉ་ཕུད་རྡོག་གཅིག་ར་མ་ཐོབ་པས། དེ་ལས་ ཨ་ཞེ་གི་ཐུགས་བསམ་ལུ་ འདོདཔ་ཆེན་ཀུན་དང་འབྲལ། །ཟེར་བའི་དཔེ་བཟུམ་ཨིན་པས། སྤང་ནང་གི་ཤ་འདིནི་ བྱ་རྒོད་ཀྱི་འཐུ་འབག་ཆི་ཡི། ཆུ་ནང་གི་ཉནི་ ཁོ་གིས་མ་ཐོབ་ ཟེར་ཐུགས་བཞེས་གནང་ཏེ་ འ་དོམ་ལུ་ གཟིགས་འབད། ཤ་ཁ་ཤ་བཞག་ནས་ཉ་ཤ་འཚོལ། །ཁ་ཤ་གནམ་ཁའི་དབྱིངས་ལུ་ཡལ། །ཉ་ཤ་ཆུ་མོའི་གཏིང་ལུ་ཐིམ། །འམ་ཕར་བལྟ་ཚུར་བལྟ་ག་ལུ་བལྟ། །ཟེར་གསུངས་ནུག། འ་དོམ་གྱིས། གཏན་གྲོགས་བཞག་ནས་དགའ་གྲོགས་འཚོལ། །གཏན་གྲོགས་ཁྲི་ཡི་སྟེང་དུ་ལུས། །དགའ་གྲོགས་རྒྱལ་ཁྲིམས་ནང་ལུ་འཐིམ། །ཤིང་ཏ་ལའི་ལོ་མ་གཟུགས་ཁར་བཀབ། །འམ་ཕར་བལྟ་ཚུར་བལྟ་ཁྱོད་ལུ་བལྟ། །ཟེར་ལན་འཇལཝ་ད། ཨ་ཞེ་གྱིས་ འམ་ལུ་ ཨིན་ཨིན་ ཁྱོད་ཀྱིས་སླབ་མི་དེ་ར་ཨིན། ཡབ་རྒྱལཔོ་ལུ་ཞུ་དགོཔ་མེད། ང་ རང་ར་བརྫུན། ང་རང་གིས་ལས་འདི་ ང་རང་གི་ར་མྱོང་དགོ་ཟེར་གསུང་འབད་ ཐུགས་སྐྱོ་བ་སྦོམ་བསྐྱེད་དེ་སྡོད་ནུག་གོ།