བཀྲ་ཤིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་གི་ མངའ་ཁོངས་སུ་ཡོད་པའི་ གཡུས་ཚན་ཁག་གི་ ལོ་རྒྱུས་དང་། ལྷ་ཁང་གི་ངོ་སྤྲོད།
བཀྲ་ཤིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་གི་ མངའ་ཁོངས་སུ་ཡོད་པའི་ གཡུས་ཚན་ཁག་གི་ ལོ་རྒྱུས་དང་། ལྷ་ཁང་གི་ངོ་སྤྲོད།
ཡ་ལང་རྒེད་འོག་བདག་སྐྱོང་།
༉ རྒེད་འོག་བདག་སྐྱོང་ལྟེ་བའི་ཡིག་ཚང་དེ་ ག་ནི་བ་ ཉམས་དགའ་ཏོག་ཏོ་ཡོད་པའི་ས་གནས་ ཁྲག་སྒོམ་འབྲིང་རིམ་སློབ་གྲྭ་འོག་མའི་ཉེ་འདབས་ལུ་ ཆགས་ཏེ་འདུག། ཡ་ལང་རྒེད་འོག་འདི་གི་འོག་ལུ་ གཡུས་ཚན་༩ དང་། སྤྱི་འོག་༥ ཡོདཔ་ཨིན་པས། རྒེད་འོག་ བདག་སྐྱོང་གི་ཡིག་ཚང་ནང་ཡོད་པའི་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་༢༠༡༩ ཅན་མ་དང་འཁྲིལ་བ་ཅིན་ རྒེད་འོག་འདི་གི་འོག་ལུ་ ཁྱིམ་གུང་པ་༤༥༣ དེ་ཅིག་དང་། མི་རློབས་གྲངས་༣.༤༦༣ ལྷགཔ་ཅིག་ ཐོ་བཀོད་འབད་དེ་འདུག། རྒེད་འོག་འདི་གི་འོག་ལུ་ཡོད་པའི་ གཡུས་ཚན་ཁག་ཚུ་གི་ནང་ན་ སྐྱེས་མཆོག་དམ་པ་ མང་རབས་ཅིག་བྱོན་ཏེ་ བྱིན་གྱིས་བརླབས་པའི་ གནས་དང་ལྷ་ཁང་ཚུ་གི་སྐོར་ པར་རི་དང་བཅསཔ་ འོག་ལུ་བཀོད་དེ་ཡོད། རྒེད་འོག་འདི་ནང་ལུ་ ད་ལྟོ་ཚུན་ཚོད་ འགོ་འཁྲིད་པའི་ཕྱག་ལཱ་གནང་མི་ རྒཔོ་རིམ་ཐེངས་༡༠ དེ་ཅིག་གུ་ ལྷོད་དེ་ཡོདཔ་ཨིན་པས། དེ་ཚུ་གི་མཚན་ཐོ་ཚུ་ཡང་། ༡༽ རྒཔོ་བཀྲ་ཤིས་ཆོས་རྒྱལ། ༢༽ བ་ཁུ། ༣༽ ཆོས་ནོར་བུ། ༤༽ བསོད་ནམས་འོད་ཟེར། ༥༽ ཚེ་རིང་རྡོ་རྗེ་རོ་ལམ་པ། ༦༽ རྡོ་རྗེ། ༧༽ ཚེ་རིང་རྡོ་རྗེ་ཡ་ལང་པ། ༨༽ ནོར་བུ་ཚེ་རིང་། ༩༽ ཚེ་དབང་གྲུབ་པ། ༡༠༽ ཆོས་སྲུང་དབང་འདུས་ཚུན་ཨིན་པས།
༉ རྒེད་འོག་བདག་སྐྱོང་ལྟེ་བའི་ཡིག་ཚང་དེ་ ག་ནི་བ་ ཉམས་དགའ་ཏོག་ཏོ་ཡོད་པའི་ས་གནས་ ཁྲག་སྒོམ་འབྲིང་རིམ་སློབ་གྲྭ་འོག་མའི་ཉེ་འདབས་ལུ་ ཆགས་ཏེ་འདུག། ཡ་ལང་རྒེད་འོག་འདི་གི་འོག་ལུ་ གཡུས་ཚན་༩ དང་། སྤྱི་འོག་༥ ཡོདཔ་ཨིན་པས། རྒེད་འོག་ བདག་སྐྱོང་གི་ཡིག་ཚང་ནང་ཡོད་པའི་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་༢༠༡༩ ཅན་མ་དང་འཁྲིལ་བ་ཅིན་ རྒེད་འོག་འདི་གི་འོག་ལུ་ ཁྱིམ་གུང་པ་༤༥༣ དེ་ཅིག་དང་། མི་རློབས་གྲངས་༣.༤༦༣ ལྷགཔ་ཅིག་ ཐོ་བཀོད་འབད་དེ་འདུག། རྒེད་འོག་འདི་གི་འོག་ལུ་ཡོད་པའི་ གཡུས་ཚན་ཁག་ཚུ་གི་ནང་ན་ སྐྱེས་མཆོག་དམ་པ་ མང་རབས་ཅིག་བྱོན་ཏེ་ བྱིན་གྱིས་བརླབས་པའི་ གནས་དང་ལྷ་ཁང་ཚུ་གི་སྐོར་ པར་རི་དང་བཅསཔ་ འོག་ལུ་བཀོད་དེ་ཡོད། རྒེད་འོག་འདི་ནང་ལུ་ ད་ལྟོ་ཚུན་ཚོད་ འགོ་འཁྲིད་པའི་ཕྱག་ལཱ་གནང་མི་ རྒཔོ་རིམ་ཐེངས་༡༠ དེ་ཅིག་གུ་ ལྷོད་དེ་ཡོདཔ་ཨིན་པས། དེ་ཚུ་གི་མཚན་ཐོ་ཚུ་ཡང་། ༡༽ རྒཔོ་བཀྲ་ཤིས་ཆོས་རྒྱལ། ༢༽ བ་ཁུ། ༣༽ ཆོས་ནོར་བུ། ༤༽ བསོད་ནམས་འོད་ཟེར། ༥༽ ཚེ་རིང་རྡོ་རྗེ་རོ་ལམ་པ། ༦༽ རྡོ་རྗེ། ༧༽ ཚེ་རིང་རྡོ་རྗེ་ཡ་ལང་པ། ༨༽ ནོར་བུ་ཚེ་རིང་། ༩༽ ཚེ་དབང་གྲུབ་པ། ༡༠༽ ཆོས་སྲུང་དབང་འདུས་ཚུན་ཨིན་པས།
སྡུག་བསྟི་གཡུས་ཚན་གྱི་སྐོར།
རྒེད་འོག་ལྟེ་བ་ལས་ དུས་ཡུན་ཆུ་ཚོད་ ༦ དེ་ཅིག་ རྐང་ཐང་སྦེ་འགྱོ་དགོ་པའི་ས་གནས་ སྡུག་སྟི་གཡུས་ཚན་དེ་ ཡ་ལང་རྒེད་འོག་གི་འོག་ལུ་ གཡུས་ཚན་ ༩ དང་ སྤྱི་འོག་ ༥ ཡོད་པའི་གྲལ་ལས་ གཅིག་ཨིན་པས། གཡུས་ཚན་དེ་ མཐའ་ཟུར་གྱི་ས་གནས་མོན་རྟ་དབང་ ༼ཨ་རུ་ནཱ་ཅཱལ་པར་དཱེཤ༽ ཀྱི་ཉེ་འདབས་ལུ་ ཆགས་ཏེ་འདུག། རྒེད་འོག་བདག་སྐྱོང་ཡིག་ཚང་ནང་ཡོད་པའི་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་༢༠༡༩ ཅན་མ་དང་འཁྲིལ་བ་ཅིན་ གཡུས་ཚན་འདི་ནང་ལུ་ ཁྱིམ་གུང་པ་ ༣༨ དེ་ཅིག་དང་། མི་རློབས་གྲངས་༢༦༣ དེ་ཅིག་ ཐོ་བཀོད་འབད་དེ་འདུག། གཡུས་ཚན་འདི་ནང་གི་མི་སེར་ཚུ་ འཚོ་བ་གཙོ་བོ་ སོ་ནམ་དང་ སྒོ་ནོར་ལུ་བརྟེན་ཏེ་སྡོདཔ་ཨིན་པས། གཡུས་ཚན་དེ་ནང་ གཞི་བརྟེན་གོང་འཕེལ་གྱི་ཐད་ཁར་ གློག་མེ་དང་འགྲུལ་འཕྲིན་གྱི་ཞབས་ཏོག། དེ་ལས་མི་སྡེ་སློབ་གྲྭ་གཅིག་འདུག། གཡུས་དེ་ནང་གི་མི་སེར་ཚུ་གིས་ ཁ་སྐད་ཡང་ ཚངས་ལྷའི་ཁ་དང་སྦྲ་མི་ཁ་ཟེར་ དབྱེ་བ་གཉིས་རྐྱབ་སྲོལ་འདུག། གཡུས་ཀྱི་མིང་ སྡུག་སྟི་ཟེར་སླབ་དགོ་པའི་ ར་ཁུངས་དེ། གཡུས་མི་ཚུ་གིས་བཤད་མི་ ངག་རྒྱུན་ལོ་རྒྱུས་དང་འཁྲིལ་བ་ཅིན་ དང་ཕུ་གཡུས་ཚན་དེ་ནང་ལུ་ གཞི་བཅགས་སྡོད་མི་ མི་སེར་དེ་ཚུ་ ཟ་འཐུང་གི་ལོངས་སྤྱོད་དང་། གྱོན་ཆས་ལ་སོགས་པ་ ག་ཅིའི་ཐད་ལས་འབད་རུང་ དཀའ་སྡུག་ལེ་ཤ་མྱོང་སྟེ་ སྡོད་དགོཔ་འཐོན་ཡོདཔ་ལས་ གཡུས་ཀྱི་མིང་ལུ་ སྡུག་སྟི་ཟེར་ སླབ་སྲོལ་དར་ཡོད་པའི་ ལོ་རྒྱུས་བཤད་ནི་འདུག། ཨིན་རུང་ དཔལ་འབྲུག་ཞིབ་འཇུག་ལྟེ་བ་གིས་ པར་སྐྲུན་འབད་ཡོད་མི་ རྗེ་ཡོནཏན་མཐའ་ཡས་དང་། རྗེ་ཀུན་དགའ་རྒྱ་མཚོ་གཉིས་ཀྱིས་མཛད་པའི་ འབྲུག་གི་སྡེ་སྲིད་ཁྲི་རབས་ ༡༣ པ་ཆོས་རྗེ་ཤེས་རབ་དབང་ཕྱུག༼༡༦༩༧_༡༧༦༥༽ གི་དགེ་བའི་ཆོ་ག་རབ་ཏུ་གསལ་བའི་གཏམ་མུ་ཏིག་དོ་ཤལ་ ཟེར་མིའི་ནང༌ལུ་འབད་བ་ཅིན་ ས་གནས་ཀྱི་མིང་ སྡུག་སྟི་ཟེར་མེན་པར་ དྷཱུ་ཏི་ལྷ་ཁང་ ཟེར་ཐོ་བཀོད་འབད་དེ་འདུག། དེ་མ་ཚད་ ཀུན་མཁྱེན་འཇིགས་མེད་གླིང་པའི་རྣམ་ཐར། ཡུལ་ལྷོ་རྒྱུད་དུ་བྱུང་བའི་ རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་ཐར་ལེགས་བྱས་ཡོངས་འདུའི་སྙེ་མའི་ནང་། མོན་ཀླ་ཀློ་འགྲོ་འོང་བྱེད་པའི་ས་དྷུ་ཐི་ཞེས་པའི་གྲོང་ཁྱེར་ནས་སྦྲང་ཚང་སུམ་ཅུ་སྐོར་གྱི་རིན་ལ། སྐུ་གསུང་ཐུགས་རྟེན་དང་། ལྷ་འདྲེ་གདུགས་པ་ཅན་ལ་ བཀའ་ཤོག་དགོས་ཟེར་བ་ལྟར། དེ་བཞིན་བྱས་ ཟེར་བཀོད་དེ་འདུག། དྷཱུ་ཏིའམ་དྷུ་ཐི་ ཟེར་མི་ཚིག་གི་གོ་དོན་དེ་ ལེགས་སྦྱར་གྱི་སྐད་ལས་ གཙོ་བོའམ་དབུས། ལྟེ་བའམ་གཞུང་ཚུ་ལུ་ འཇུགཔ་ཨིན་པས། ད་རེས་ནངས་པ་ གཡུས་ཀྱི་མིང་སྡེབ་དེ་ སྡུག་སྟི་ཟེར་ འབྲི་སྲོལ་དར་ཁྱབ་སོང་ཡོདཔ་མ་ཚད། སྤྱི་ལོ་ ༢༠༡༩ ལོར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྩོམ་སྒྲིག་དང་ པར་སྐྲུན་འབད་ཡོད་མི་ མིང་གནས་གསལ་བའི་འོད་ཟེར་ནང་ལུ་ཡང་ སྡུག་སྟི་ཟེར་ ཐོ་བཀོད་འབད་དེ་འདུག།
པདྨ་ཆོས་གླིང་ལྷ་ཁང་།
མི་སེར་ཚུ་གིས་བཤད་མི་ ངག་རྒྱུན་ལོ་རྒྱུས་ལྟར་དུ་འབད་བ་ཅིན་ གཡུས་ཚན་དེ་ནང་ ཧེ་མ་པད་གླིང་གི་ཆོས་བརྒྱུད་འཛིན་མི་ཅིག་གིས་ ལྷ་ཁང་ཆུང་ཀུ་ཅིག་བཞེངས་ཡོད་པའི་ ལོ་རྒྱུས་འདུག། ཨིན་རུང་ ལྷ་ཁང་དེ་ ཉམས་ཆག་ཤོར་ཡོདཔ་ལས་ ཤུལ་ལས་དུས་རབས་ ༡༩ པའི་ནང་ ཚོང་ཚོང་སློབ་དཔོན་སྐུ་ཕྲེང་དང་པ་མི་འགྱུར་རྡོ་རྗེ་གིས་ རྒྱ་སྐྱེད་འབད་དེ་ ཉམས་གསོ་ཞུ་གནང་ཞིནམ་ལས་ཚུར་ སྡུག་སྟིའི་གཡུས་ཚན་དེ་ འཚོ་བ་ལུ་ དུམ་གྲ་ཅིག་ཡར་དྲག་སོང་ཡོད་ནི་འདི་གིས་ ད་རེས་ནངས་པ་ མི་སེར་ཚུ་གིས་ ཚོང་ཚོང་སློབ་དཔོན་སྐུ་ཕྲེང་རིམ་བྱོན་ཚུ་ལུ་ བཀའ་དྲིན་དགའ་ཚོར་ བསམ་བཞིན་དུ་འདུག། ད་རེས་ མཇལ་སར་ཡོད་མི་ ཐོག་ཚད་གཅིག་འབད་མི་ དམངས་ཀྱི་ལྷ་ཁང་པདྨ་ཆོས་གླིང་དེ་ དུས་རབས་ ༡༩ པའི་ནང་ ཚོང་ཚོང་སློབ་དཔོན་མཆོག་གིས་ བཞེངས་གནང་མི་དེ་ ཨིནམ་སྦེ་བཤདཔ་ཨིན། ད་རེས་ ལྷ་ཁང་དེ་ནང་ ནང་རྟེན་གཙོ་བོ་ རྒྱུ་སྨན་འདམ་ལས་སྒྲུབ་པའི་ ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་འདྲ་དང་ ཆོས་སྲུང་དཔལ་ཡེ་ཤེས་མགོན་པོའི་སྐུ་འདྲ། དེ་ལས་གཏེར་གསར་ལྷ་ཚོགས་ཚུ་གི་ལྡེབས་རིས་དང་། རྒྱ་ཤོག་གི་བཀའ་འགྱུར་ཆ་ཚང་གཅིག། དེ་ལས་འབྲུག་ཤོག་གི་འབུམ་ཆ་ཚང་གཅིག་བཞུགས་ཏེ་འདུག། ལྷ་ཁང་དེ་ནང་ ད་རེས་ནངས་པ་ གཡུས་ཁའི་མི་ཚུ་གིས་ སྤྱིར་སངས་རྒྱས་ཀྱི་བསྟན་པ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་འབད་ནི་ལུ་ ལོ་ཨ་རྟག་ར་ རང་ཟླ་བཞི་པའི་ནང་ གཏོར་མ་འབུམ་དང་། རང་ཟླ་ལྔ་པའི་ནང་ གཏེར་འཆམ་མེ་ལྷ་གཏོར་ཟློག། རང་ཟླ་བརྒྱད་པའི་ནང་ ཉིན་གྲངས་གསུམ་གྱི་རིང་ ཆོས་སྐོར་དང་། རང་ཟླ་དགུ་པའི་ནང་ ལྷ་བབས་དུས་ཆེན་གྱི་ཚེས་བཅུ། དེ་ལས་རང་ཟླ་བཅུ་གཉིས་པའི་ནང་ སྨྱུང་གནས་དཀརཔོ་ཆ་གཉིས་ བརྩི་སྲུང་ཞུ་སྲོལ་འདུག། དེ་མ་ཚད་ ཟླ་རིམ་བཞིན་དུ་ ལུས་ངག་ཡིད་གསུམ་གྱི་ལས་སྒྲིབ་ཚུ་ དག་ནིའི་དོན་ལུ་ སངས་རྒྱས་གཉིས་པ་ཨོ་རྒྱན་གུ་རུ་རིན་པོ་ཆེ་ལུ་ ཚོགས་མཆོད་ཚུ་ཕུལ་ཏེ་ ཆོས་ཕྱོགས་ཀྱི་མཛད་རིམ་ཚུ་ འབད་དང་འབད་བཞིན་པ་འདུག། ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ སྲོལ་འཛིན་ལས་ཁུངས་ཀྱིས་པར་སྐྲུན་འབད་ཡོད་མི་ འབྲུག་གི་རྫོང་གཞིས་དང་ལྷ་ཁང་དགོན་སྡེའི་ཐོ་ཡིག་ཟེར་མི་ དཔེ་དེབ་དང་འཁྲིལ་བ་ཅིན་ སྡུག་སྟི་གཡུས་ཚན་ནང་ཡོད་པའི་ པདྨ་ཆོས་གླིང་ལྷ་ཁང་དེ་གི་ བདག་དབང་ཧྲིལ་བུམ་ དམངས་ལུ་ཡོདཔ་འབད་ ཐོ་བཀོད་འབད་དེ་འདུག་གོ།
ཆེ་མ་གཡུས་ཚན་གྱི་སྐོར།
ཆེ་མ་གཡུས་ཚན་དེ་ རྒེད་འོག་ལྟེ་བ་ལས་ རྐང་ཐང་སྦེ་ དུས་ཡུན་ཆུ་ཚོད་༤ ལྷགཔ་ཅིག་ འགྲོ་འགྲུལ་འབད་བའི་ཤུལ་ལུ་ ལྷོདཔ་ཨིན་པས། གཡུས་ཚན་དེ་ སྡུག་སྟི་གཡུས་ཚན་ནང་འགྱོ་སའི་ གཞུང་ལམ་གྱི་འོག་ལུ་ ཆགས་ཏེ་འདུག། རྒེད་འོག་བདག་སྐྱོང་ཡིག་ཚང་ནང་ཡོད་པའི་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་ ༢༠༡༩ ཅན་མ་དང་འཁྲིལ་བ་ཅིན་ གཡུས་ཚན་འདི་ནང་ལུ་ ཁྱིམ་གུང་པ་ ༤༢ དེ་ཅིག་དང་ མི་རློབས་གྲངས་༣༢༠ ལྷགཔ་ཅིག་ ཐོ་བཀོད་འབད་དེ་འདུག། ས་གནས་ཀྱི་མིང་ ཆེ་མ་ཟེར་སླབ་དགོ་པའི་ར་ཁུངས་དེ། གཡུས་དེ་ནང་གཞི་བཅགས་མི་ མི་སེར་ཚུ་གིས་ ཚལ་མ་བརྫམས་ཞིན་ན་ གཞི་བཅགས་མི་ལས་རྟ་དྲང་སྟེ་ བཏགས་ཡོདཔ་སྦེ་ བཤདཔ་ཨིན་པས། མ་གཞི་ ཆེ་མ་ཟེར་མི་ཡིག་སྡེབ་ཁོ་རང་ལུ་ གཞི་བཞག་པ་ཅིན་ སྦོམ་ཆུང་ངམ་ཆེ་ཆུང་གི་དབྱེ་བ་ཕྱེ་ནིའི་ གཞི་ཅིག་ལུ་ གོ་དོ་ཡོད་རུང་། གཡུས་སྐད་ནང་ལས་འབད་བ་ཅིན་ ཆེ་མ་ ཟེར་མི་ཚིག་དེ་ ཚལ་མ་བརྫམས་ཏེ་ མེར་བཏང་ཞིན་ན་ ལོ་ཐོ་བཏབ་ས་བཟོ་མི་ལུ་ ཆེ་མ་ཟེར་སླབ་ནི་འདུག། ཆེ་མ་གཡུས་ཚན་གྱི་མིང་སྡེབ་དེ་ ཧེ་མའི་ཡིག་ཆ་ཚུ་ནང་ལུ་ ཕྱེ་མ་ཟེར་བྲིས་ཏེ་ཡོད་རུང་། ད་རེས་ནངས་པ་ ཆེ་མ་ཟེར་འབྲི་སྲོལ་དར་ཁྱབ་སོང་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༡༩ ལོར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྩོམ་སྒྲིག་དང་ པར་སྐྲུན་འབད་ཡོད་མི་ མིང་གནས་གསལ་བའི་འོད་ཟེར་ནང་ལུ་ཡང་ ཆེ་མ་ཟེར་ ཐོ་བཀོད་འབད་དེ་འདུག། རྒན་ཤོས་ཚུ་གིས་ ངག་རྒྱུན་བཤད་སྲོལ་ལྟར་དུ་འབད་བ་ཅིན་ ད་ལྟོ་ཆེ་མ་ལུ་ གཞི་བཅགས་མི་ མི་ཚན་ཚུ་གི་མི་རྒྱུད་ངོ་མ་དེ་ མོང་སྒར་ཤེལ་རིའི་ཆུ་ལས་ཨིནམ་སྦེ་སླབ་ནི་འདུག། ཁྲལ་དང་འུར་ལཱ་ཚུ་གིས་འབད་མ་ཚུགས་པར་ བྱོག་འོང་སྦེ་མོན་རྟ་དབང་ ༼ཨ་རུ་ནཱ་ཅཱལ་པར་དེཤ༽ དང་འབྲུག་པའི་ས་མཚམས་ཁ་ལུ་ཡོད་པའི་ འབྲུག་པའི་ས་ཁོངས་ ས་གནས་ཆོར་ནང་ཟེར་ས་ལུ་ གཞི་བཅགས་ཏེ་སྡོད་ཡོདཔ་འབད་བཤད་ནི་འདུག། ཨིན་རུང་ ཤུལ་ལས་ རིམ་གྱིས་འབད་ ད་ལྟོ་སྡོད་སའི་ ས་གནས་ཆེ་མ་ལུ་ གཞི་ཆགས་ཡོད་པའི་ ལོ་རྒྱུས་བཤད་ནི་འདུག། དེ་ལུ་ ཞིབ་འཚོལ་པ་ ང་རའི་ཁ་ཐུག་ལས་ཡང་ བདེན་པ་འདུག་ཟེར་ ཡིད་ཆེས་བསྐྱེད་ཚུགས་མི་དེ་ གཙོ་བོ་ ཆེ་མ་གཡུས་ཚན་ནང་ལུ་ཡོད་མི་ མི་སེར་ཚུ་གིས་ ཡུལ་ལྷ་གསོལ་བའི་སྐབས་ དགྱེས་ཕུ་རྐྱངམ་གཅིག་གིས་ མ་དོ་བར་ ཡུལ་ལྷ་མདའ་འུང་པ་ཡང་ རྟེན་སྲོལ་ཡོད་ནི་འདི་གིས་ཨིན།
ཆེ་མ་ཨོ་རྒྱན་རྣམ་གྲོལ་ལྷ་ཁང་།
མི་ལོ་ ༣༠ དེ་ཅིག་སོང་ཡོད་པའི་ ཨོ་རྒྱན་རྣམ་གྲོལ་ལྷ་ཁང་དེ་ ཆེ་མ་གཡུས་ཚན་གྱི་མི་དམངས་ཀྱིས་ ཕྱག་མཆོད་ཕུལ་སའི་རྟེན་སྦེ་ རང་ལུགས་གནམ་ལོ་ལྕགས་རྟ་ལོ་ལུའམ་ སྤྱི་ལོ་ ༡༩༩༠ ལོར་ མི་སེར་དམངས་ཀྱིས་ གཡས་རུབ་གཡོན་རུབ་འབད་དེ་ བཞེངས་ཡོདཔ་འབད་ བཤད་ནི་འདུག། ད་ལྟོ་ ལྷ་ཁང་བཞེངས་ཡོད་མི་ ས་ཆ་ངོ་མ་དེ་ སའི་ཇོ་བདག་ལྟའུ་ལ་གི་ཨིན་རུང་བསྟན་པ་དང་སེམས་ཅན་གྱི་དོན་ལུ་དམིགས་ཏེ་ ཕུལ་ཡོད་ལུགས་བཤད་ནི་འདུག། ད་རེས་ ལྷ་ཁང་དེ་ནང་ རྟེན་གསུམ་བྱེ་བྲག་ཚུ་གི་གྲལ་ལས་ མཚམས་པ་བཟང་པོ་དང་། ཡ་ལང་རྒེད་འོག་གི་རྒཔོ་ ཆོས་སྲུང་དབང་འདུས་གཉིས་ཀྱིས་མཉམ་རུབ་འབད་དེ་ སྒྲུབ་གནང་པའི་ རྒྱུ་ཟངས་ལས་སྒྲུབ་པའི་ སྟོན་པའི་སྐུ་འདྲ་དང་། སྤྱན་རས་གཟིགས་ཀྱི་སྐུ་འདྲ། དེ་ལས་གུ་རུ་རིན་པོ་ཆེའི་སྐུ་འདྲ་ཚུ་མཇལ་ནི་ཡོདཔ་མ་ཚད་ རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་དང་། རྗེ་བཙུན་སྒྲོལ་མའི་སྐུ་འདྲ་ཚུ་བཞུགས་ཏེ་འདུག། དེ་ལས་གཏེར་གསར་ལྷ་ཚོགས་ཚུ་གི་ལྡེབས་རིས་ཚུ་མཇལ་ནི་ཡོད་པའི་ཁར་ གསུང་རྟེན་བཀའ་འགྱུར་དང་། ཆོས་འབུམ། ཉི་ཁྲི། བརྒྱད་སྟོང་པ་དང་བཅས་པ་ཡང་ བཞུགས་སུ་གསོལ་ཏེ་འདུག། ད་རེས་ནངས་པ་ ལྷ་ཁང་དེ་ནང་ རང་ཟླ་བཞི་པའི་ནང་ ཆོས་འབུམ་དག་ཚར་ཉིནམ་གཉིས་ཀྱི་རིང་ ལྷག་གནང་དོ་ཡོདཔ་མ་ཚད། ཉིནམ་གསུམ་པའི་སྐབས་ ཆོས་འབུམ་གདན་ཞུས་ཏེ་ གཡུས་སྐོར་རྐྱབ་སྲོལ་འདུག། རང་ཟླ་དྲུག་པའི་ནང་ གཏེར་འཆམ་བགེགས་བསྐྲད་དང་ བླ་མ་ནོར་བུ་རྒྱ་མཚོའི་ཚེས་བཅུ་བཅས་ ཉིནམ་གསུམ་གྱི་རིང་ འགོ་འདྲེན་འཐབ་སྲོལ་འདུག། གཏེར་འཆམ་བགེགས་བསྐྲད་ཀྱི་ལས་རིམ་ ཁ་གསལ་ཚུ་ བསྟན་འཛིན་ནོར་བུ་གིས་ རྩོམ་སྒྲིག་འབད་མི་ བཀྲ་ཤིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་ མེ་ལོང་མཁར་གཡུས་ཚན་གྱི་སྐྱེངས་འཆམ་སྐོར་ ཟེར་མི་དཔེ་དེབ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཡོངས་འབྲེལ་ཐོག་ལས་ བཀྲམ་སྤེལ་འབད་མི་ནང་ལུ་གཟིགས་གནང་། སྤྱིར་བཏང་ ལྷ་ཁང་བཞེངས་ཡོད་མི་ ས་ཆ་དེ་ སྒེར་གྱི་ཨིནམ་མ་ཚད་ རྟེན་གསུམ་ཚུ་ཡང་ མཚམས་པ་བཟང་པོ་དང་། ཡ་ལང་རྒེད་འོག་གི་རྒཔོ་ཆོས་སྲུང་དབང་འདུས་གཉིས་ཀྱིས་ འགོ་འདྲེན་ཐོག་ལུ་ བསྒྲུབས་གནང་ཡོད་རུང་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ སྲོལ་འཛིན་ལས་ཁུངས་ཀྱིས་པར་སྐྲུན་འབད་ཡོད་མི་ འབྲུག་གི་རྫོང་གཞིས་དང་ལྷ་ཁང་དགོན་སྡེའི་ཐོ་ཡིག་ཟེར་མི་ དཔེ་དེབ་དང་འཁྲིལ་བ་ཅིན་ ཨོ་རྒྱན་རྣམ་འགྲོལ་ལྷ་ཁང་དེ་གི་ བདག་དབང་ཧྲིལ་བུམ་དམངས་ལུ་ཡོདཔ་འབད་ ཐོ་བཀོད་འབད་དེ་འདུག།
མེ་ལོང་མཁར་གཡུས་ཚན་གྱི་སྐོར།
མེ་ལོང་མཁར་གཡུས་ཚན་དེ་ རྒེད་འོག་ལྟེ་བ་ལས་ རྐང་ཐང་སྦེ་ དུས་ཡུན་ཆུ་ཚོད་༤ ལྷགཔ་ཅིག་ འགྲོ་འགྲུལ་འཐབ་པའི་ཤུལ་ལུ་ ལྷོདཔ་ཨིན་པས། གཡུས་ཚན་དེ་ སྡུག་སྟི་གཡུས་ཚན་ནང་འགྱོ་སའི་ གཞུང་ལམ་གྱི་ལྟག་ལུ་ཆགས་ཏེ་འདུག། རྒེད་འོག་བདག་སྐྱོང་ཡིག་ཚང་ནང་ཡོད་པའི་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་༢༠༡༩ ཅན་མ་དང་འཁྲིལ་བ་ཅིན་ གཡུས་ཚན་འདི་ནང་ ཁྱིམ་གུང་པ་༢༩ དེ་ཅིག་དང་ མི་རློབས་གྲངས་༢༠༢ ལྷགཔ་ཅིག་ ཐོ་བཀོད་འབད་དེ་འདུག། གཡུས་ཚན་འདི་གི་མིང་ མེ་ལོང་མཁར་ ཟེར་བཏགས་དགོ་མི་དེ་ ཕམ་རྒན་ཤོས་ཚུ་གིས་ ངག་རྒྱུན་ལོ་རྒྱུས་བཤད་པའི་ནང་གསལ། ཧེ་མ་གཡུས་འདི་གི་གདོང་ཕྱོགས་ལུ་ཡོད་མི་ བྱང་ཕུག་དང་། ཁམས་དྭངས་གཡུས་ཚན་གཉིས་ནང་གི་མི་ཚུ་གིས་ གཡུས་ཚན་དེ་ནང་བལྟ་བའི་སྐབས་ རྡོ་ག་ར་མེ་ལོང་བཟུམ་ འོད་ཤར་ས་མཐོང་ཡོདཔ་མ་ཚད། གཡུས་ཚན་གྱི་ཆགས་ཚུལ་རྣམ་པ་དེ་ཡང་ མེ་ལོང་ཧེན་ཏེ་ བཞག་ཞགཔ་བཟུམ་མཐོང་ཡོད་མི་ལས་ མེ་ལོང་མཁར་ ཟེར་བཏགས་ཡོད་ལུགས་བཤད་ནི་འདུག། ངག་རྒྱུན་གཞན་ཅིག་བཤད་པའི་ནང་གསལ། གཡུས་ཚན་ཆགས་སའི་ས་གོ་ཅིག་ནང་ རྡོ་ཕུ་ཅིག་གུ་མེ་ལོང་བཟུམ་ འོད་ཤར་ནི་ཡོདཔ་ལས་ གཡུས་ཚན་གྱི་མིང་ཡང་ མེ་ལོང་མཁར་ཟེར་བཏགས་རུང་ རྡོ་ཕུ་འདི་ཁྱིམ་རྐྱབ་མི་ཚུ་གིས་ སྤོགས་ཡོད་ལུགས་བཤད་ནི་འདུག། ཨིན་རུང་ ཞིབ་འཚོལ་པ་ ང་རའི་ཧོངས་ལས་འབད་བ་ཅིན་ ཤར་ཕྱོགས་ཁ་ཐུག་དང་། ལྷག་པར་དུ་ གཡང་རྩེ་རྫོང་ཁག་འོག་ལུ་ ས་གནས་ཀྱི་མིང་ འཇམ་མཁར། འཕང་མཁར། བཙན་མཁར། ཟེར་ཡོད་མི་ཚུ་ག་ར་ ལྷ་སྲས་གཙང་མའི་སྐབས་ བཏགས་ཡོདཔ་ལས་ མེ་ལོང་མཁར་ ཟེར་མི་གཡུས་ཀྱི་མིང་གནས་དེ་ཡང་ ལྷ་སྲས་གཙང་མའི་ མི་རྒྱུད་ཅིག་གིས་བཏགས་ཡོདཔ་ ཧ་གོཝ་ཚུགས་པས། དེ་མ་ཚད་ གཡུས་ཀྱི་མིང་སྡེབ་དེ་ སྤྱི་ལོ་༢༠༡༩ ལོར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་རྩོམ་སྒྲིག་དང་ པར་སྐྲུན་འབད་ཡོད་མི་ མིང་གནས་གསལ་བའི་འོད་ཟེར་ནང་ལུ་ཡང་ མེ་ལོང་མཁར་ཟེར་ ཐོ་བཀོད་འབད་དེ་འདུག།
གཡུས་ཚན་དེ་ནང་ སྔོན་མ་ལས་ལྷ་ཁང་ཡོད་ཚུལ།
ཀུན་མཁྱེན་འཇིགས་མེད་གླིང་པའི་རྣམ་ཐར་ནང་ལས་ གཡུས་ཚན་དེ་ནང་ལུ་ ཁོ་གི་སློབ་མ་ ཁ་རག་སྒོམ་ཆུང་ ཟེར་མི་ཅིག་གིས་ ལྷ་ཁང་ཅིག་བཞེངས་ཡོད་པའི་ ལོ་རྒྱུས་འཐོན་ནི་ཡོད་རུང་། ས་གོ་འདི་ནང་ཨིན་ཟེར་བའི་ ཁུངས་སྦྲགས་ཚུགས་མི་ ག་ཡང་མིན་འདུག། ཨིན་རུང་ གཡུས་ཚན་འདི་ནང་ དུས་རབས་༡༨ པའི་ནང་ བཞེངས་ཡོད་པའི་ སྣག་ཚང་གཅིག་དང་། སྤྱི་ལོ་༡༩༨༨ ལོར་བཞེངས་ཡོད་པའི་ ལྷ་ཁང་གཅིག་འབདཝ་ད་ བསྡོམས་ལྷ་ཁང་གཉིས་འདུག།
བསམ་གཏན་ཆོས་གླི་ལྷ་ཁང་གི་ལོ་རྒྱུས།
ལྷ་ཁང་གཉིས་ཀྱི་གྲལ་ལས་ མེ་ལོང་མཁར་དགོན་པ་ལུ་ཡོད་མི་ ཐོག་ཚད་༡ འབད་མི་ མི་ལོ་༣༣ ལྷགཔ་ཅིག་སོང་ཡོད་པའི་ལྷ་ཁང་དེ་ རང་ལུགས་གནམ་ལོ་ ས་མོ་འབྲུག་ལོ་ རང་ཟླ་དང་པའི་ཚེས་༡ ལུའམ་ སྤྱི་ལོ་༡༩༨༨ ཀྱི་ལོ་ལུ་ གཡུས་ཚན་དེ་ནང་ལས་ར་ཨིན་མི་ གཙོ་འཛིན་ཉི་མ་གིས་ འགོ་འདྲེན་འཐབ་སྟེ་ གཡུས་ཁའི་མི་སེར་ཚུ་གིས་ བཞེངས་ཡོད་ལུགས་བཤད་ནི་འདུག། ཨིན་རུང་ ད་རེས་མཇལ་སྲོལ་ཡོད་མི་ལྷ་ཁང་དེ་ ཧེ་མའི་ལྷ་ཁང་ སྤྱི་ལོ་ ༢༠༠༧ གི་ལོ་ལུ་ གཞུང་གིས་མ་དངུལ་རྒྱབ་སྐྱོར་གནང་ཐོག་ལས་ ཉམས་བཅོས་འབད་དེ་ བཞེངས་ཡོད་མི་དེ་ཨིན་པས། ལྷ་ཁང་དེ་ བཞེངས་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ ཧེ་མ་གཡུས་ཚན་དེ་ནང་ ཆོས་ཕྱོགས་ཀྱི་ལས་རིམ་དང་། གཤིན་གསོན་གྱི་དགེ་རྩ་ཚུ་ སྒྲུབ་སའི་ལྷ་ཁང་ཅིག་མེད་པར་ འཕྲལ་འཕྲལ་སྒེར་གྱི་ཁྱིམ་ཚུ་བརྙ། འཕྲལ་འཕྲལ་ཞིང་ནང་ལས་ཕར་ གནས་སྐབས་ཀྱི་གུར་སྤུབས་ཏེ་ དཀའ་སྡུག་ལེ་ཤ་མྱོང་དགོཔ་འབྱུང་ཡོད་མི་ལུ་བརྟེན་ བཞེངས་ཡོདཔ་འབད་བཤད་ནི་འདུག། བསམ་གཏན་ཆོས་གླིང་ལྷ་ཁང་དེ་ དགུང་སྔོན་དབྱིངས་ལུ་ ལྷོད་ལྷོདཔ་དང་འདྲ་བའི་ས་ཆ་ ཤར་ཕྱོགས་ཁ་ཐུག་ བཙན་འཁོར་སུམ་བརྒྱ་དྲུག་ཅུའི་རྒྱལཔོ་ ཡོངས་གྲགས་ཅན་གྱི་ཆོས་སྐྱོང་སྲུང་མའི་ བཞུགས་གནས་ཚོང་ཚོང་མ་དང་། ལྷོ་ཕྱོགས་ཁ་ཐུག་ བྱང་ཕུག་རྩེ། ནུབ་ཕྱོགས་ཁ་ཐུག་ ཡར་འཕེལ་སྐྱེས་བཙན་སྐྱེན་ཕུ་དང་། བྱང་ཕྱོགས་ཁ་ཐུག་ དགྱེས་ཕུའི་གནས་ཚུ་གིས་ བསྐོར་བའི་སྦུག་ལུ་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ ཆགས་ཏེ་འདུག། ལྷ་ཁང་གི་མཚན་ བསམ་གཏན་ཆོས་གླིང་ ཟེར་གསོལ་དགོ་པའི་ར་ཁུངས་དེ་ གནས་སྐབས་སུ་ གཡུས་འདི་ནང་གི་མི་སེར་ཚུ་གི་ བསམ་པའི་དོན་ཐབས་ཅད་ཡིད་བཞིན་དུ་འགྲུབ་ནི་དང་། མཐར་ཐུག་གཏན་གྱི་བདེ་བ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ནིའི་ དགོས་པ་ཡོད་པའི་གུ་ ལྷ་ཁང་དེ་ནང་རྟེན་གསུམ་བྱིན་ཅན་བཞུགས་ཏེ་ཡོདཔ་ལས་ ཆོས་ཕྱོགས་ཀྱི་ལས་རིམ་འགོ་འདྲེན་འཐབ་མི་ཚུ་ལུ་བརྟེན་ཏེ་ གཡུས་ཚན་དེ་ནང་ལུ་ མི་ནོར་ཕྱུགས་གསུམ་ལུ་ ནད་ཡམས་མ་བྱུང་པར་ དགའ་སྐྱིད་ལྡན། ལོ་ཐོག་ཚུ་ལུ་དགོ་པའི་ཆར་ཆུ་ཚུ་ དུས་ལུ་བབས་ཏེ་ བཀྲ་ཤིས་གཡང་ཆགས་ནིའི་ རྟེན་འབྲེལ་ལུ་དམིགས་ཏེ་ གཙོ་འཛིན་ཉི་མ་ཁོ་རང་གིས་ གསོལ་གནང་ནུག། བླམ་གིས་ལྷ་ཁང་ཅིག་ གསར་བཞེངས་འབད་ནི་གི་ ཐུགས་བཞེད་གནང་མི་དང་འབྲེལ་ ད་ལྟོ་ ལྷ་ཁང་བཞེངས་ཡོད་སའི་ ས་ཆ་དྲིས་མཱལ་༡༥ ལྷགཔ་ཅིག་འབད་མི་དེ་ སའི་ཇོ་བདག་ཨཔ་ཀརྨ་དང་ ཨམ་ང་ལེགས་བཟའ་ཚང་གཉིས་ཀྱིས་ཕུལ་ཡོདཔ་ཨིན་པས། ཁོང་བཟའ་ཚང་གཉིས་ཀྱིས་ ལྷ་ཁང་བཞེངས་ནི་གི་དོན་ལུ་ ས་ཆ་དེ་སྦེ་ཕུལ་མི་དེ་ ཁོང་ར་ བཟའ་ཚང་གཉིས་ལུ་ མཁས་འདོད་དང་གྲགས་འདོད་ཀྱི་མིང་ཐོབ་ནི་གི་དོན་ལུ་མེན་པར་ སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་འབད་ནིའི་དོན་ལུ་དང་། ལྷག་པར་དུ་ གཡུས་ཚན་དེ་ནང་ ཚོགས་བསགས་སྒྲིབ་བྱང་འབད་སའི་ རྟེན་ཁྱད་པར་ཅན་ཅིག་འབྱུང་ཐབས་ལུ་དམིགས་ཏེ་ ཕུལ་ཡོད་ལུགས་བཤད་ནི་འདུག། ལྷ་ཁང་དེ་ བཞེངས་ཚར་ཞིནམ་ལས་ བླམ་ཉི་མ་ཁོ་ར་གིས་ར་ ཕྱི་ཁ་ལས་ དད་ལྡན་གྱི་སྦྱིན་བདག་ཚུ་འཚོལ་ཏེ་ སངས་རྒྱས་དཀོན་མཆོག་གི་ཚབ་ རྒྱུ་ཟངས་ལས་གྲུབ་པའི་ ཁྲུ་གང་རེ་འབད་མི་ ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་འདྲ་དང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་འདྲ། དེ་ལས་རྗེ་བཙུན་སྒྲོལ་མའི་སྐུ་འདྲ་བཅས་དང་། གཏེར་གསར་ལྷ་ཚོགས་ཚུ་གི་ལྡེབས་རིས་ཚུ་ཡང་བཞེངས་གནང་ནུག། ད་རུང་ རྒཔོ་ཆོས་སྲུང་དབང་འདུས་གྱིས་གཙོས་པའི་ དད་ལྡན་གྱི་སྦྱིན་བདག་ཚུ་གིས་ བསྟན་པའི་སྐུ་འདྲ་མི་ཚད་མ་ཅིག་ཡང་ ཕུལ་ཏེ་འདུག། ཆོས་དཀོན་མཆོག་ བསྟན་འགྱུར་ཆ་ཚང་གཅིག་དང་། ཆོས་འབུམ། ཉི་ཁྲི། བརྒྱད་སྟོང་པ་དང་བཅས་པ་ཚན་གཅིག། དེ་བཟུམ་སྦེ་ དགེ་འདུན་དཀོན་མཆོག་གི་ཚབ་ གཏན་ཀྱང་ལྷ་ཁང་ནང་སྡོད་མ་དགོ་པའི་ ཆོསཔ་དྲུག་འབད་མི་ཅིག་ བསྐོ་བཞག་གནང་མི་ལས་ ད་ཚུན་གྱི་བར་ན་ སངས་རྒྱས་ཀྱི་བསྟན་པ་ཚུ་ མི་ཉམས་གོང་འཕེལ་སོང་བཞིན་འདུག། གོང་གི་དམིགས་ཡུལ་དང་འཁྲིལ་ ལྷ་ཁང་དེ་ནང་ ད་རེས་ནངས་པ་ མི་སེར་ཚུ་གིས་ ཚོགས་བསགས་སྒྲིབ་བྱང་གི་དོན་ལུ་གོ་སྐབས་བཟང་པོ་ཐོབ་ཡོད་མི་ཚུ་ཡང་། ལོ་བསྟར་བཞིན་དུ་རང་ཟླ་དང་པ། བདུན་པ། དགུ་པ་ཚུ་ནང་ ཆོས་འབུམ་དག་ཚར་ཉིནམ་གཉིས་རེ་ལྷག། ཉིནམ་གསུམ་པའི་སྐབས་ ཆོས་འབུམ་གདན་ཞུས་ཏེ་ གཡུས་ཚན་གླིང་སྐོར་རྐྱབ་སྲོལ་འདུག། ཟླཝ་དྲུག་པའི་ནང་དམངས་ཀྱི་སྐུ་རིམ་སྐྱེངས་འཆམ་ ཟེར་མི་བགེགས་བསྐྲད་དང་། བླ་མ་ནོར་བུ་རྒྱ་མཚོའི་ཚེས་བཅུ་བཅས་ཉིན་གྲངས་གསུམ་གྱི་རིང་ འགོ་འདྲེན་འཐབ་སྲོལ་འདུག། དེ་མ་ཚད་ ཟླ་རིམ་བཞིན་དུ་ ཡར་ངོའི་ཚེས་བཅུ་ཐམ་ལུ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གི་ དུས་བཟང་ཁྱད་པར་ཅན་དང་འབྲེལ་ ཚོགས་མཆོད་ཚུ་ ཕུལ་སྲོལ་འདུག། སྤྱིར་བཏང་ ལྷ་ཁང་བཞེངས་ཡོད་མི་ ས་ཆ་དེ་ སྒེར་གྱི་ཨིནམ་མ་ཚད་ རྟེན་གསུམ་གྱི་བྱེ་བྲག་ཚུ་ཡང་ གཙོ་འཛིན་ཉི་མ་གིས་ འགོ་འདྲེན་འཐབ་སྟེ་བསྒྲུབས་ཡོདཔ་ཨིན་རུང་། ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ སྲོལ་འཛིན་ལས་ཁུངས་ཀྱིས་པར་སྐྲུན་འབད་ཡོད་མི་ འབྲུག་གི་རྫོང་གཞིས་དང་ལྷ་ཁང་དགོན་སྡེའི་ཐོ་ཡིག་ཟེར་མི་ དཔེ་དེབ་དང་འཁྲིལ་བ་ཅིན་ ལྷ་ཁང་གི་བདག་དབང་ཧྲིལ་བུམ་ དམངས་ལུ་ཡོདཔ་འབད་ ཐོ་བཀོད་འབདདེ་འདུག།
མེ་ལོང་མཁར་གཡུས་ཚན་ནང་ཡོད་པའི་ སྣག་ཚང་གི་ལོ་རྒྱུས།
དུས་རབས་༡༨ པའི་ནང་ མི་དམངས་ནས་བཞེངས་ཡོད་པའི་ ཡོངས་གྲགས་ལུ་ སྣག་ཚང་ཟེར་སླབ་མི་དེ་ མེ་ལོང་མཁར་གཡུས་ཚན་གྱི་མཇུག་མཚམས་ཅིག་ནང་ བཞེངས་ཏེ་འདུག། མི་གི་ངག་རྒྱུན་ལོ་རྒྱུས་དང་འཁྲིལ་བ་ཅིན་ མེ་ལོང་མཁར་ལུ་ཡོད་པའི་སྣག་ཚང་དེ་ ཧེ་མ་བཀྲ་ཤིས་སྒང་རྫོང་ཁག་གི་ དྲུང་ཁག་འབད་སྡོད་པའི་སྐབས་ ཁྲག་སྒོམ་དྲུང་པ་ ཡོངས་གྲགས་ལུ་དྲུང་པ་ཏེ་ཏེ་ ཟེར་ཞུ་མི་གིས་ བདག་འཛིན་འཐབ་སྡོད་ལུགས་བཤད་ནི་འདུག། ས་གནས་དེ་ཁར་ དྲུང་པ་གི་སྣག་ཚང་རྐྱངམགཅིག་མེན་པར་ དེ་ཁ་ལས་ཁ་མར་ལྟ་སྟེ་ དུས་ཡུན་སྐར་མ་ ༥ ལྷགཔ་ཅིག་གི་ས་ཁར་འགྱོཝ་ད་ དྲུང་པ་གི་ཨ་རིང་མིང་ དྲག་ཤོས་ཨ་རིང་ ཟེར་ཚུད་ཡོད་པའི་ ཆུ་ཞིང་ཡང་འདུག། མི་ཚུ་གིས་ བཤད་སྲོལ་ལྟར་འབད་བ་ཅིན་ ཧེ་མ་ཨ་རིང་དེ་ཁ་ལས་ ལོ་ཐོག་ཚུ་ དུས་ཚོད་དང་འཁྲིལ་ཏེ་ བསྡུ་གསོག་འབད་དེ་ སྣག་ཚང་ནང་བཞག་དགོ་ ཟེར་བཤད་ནི་འདུག། ཨིན་རུང་ ཤུལ་ལས་ ཁྲལ་བསྡུ་བླང་གི་རིམ་པ་ཚུ་ མེདཔ་སྦེ་འགྱོ་བའི་ཤུལ་ལུ་ སྣག་ཚང་དེ་ མེ་ལོང་མཁར་དང་ ཆེ་མ་གཡུས་ཚན་གཉིས་ མཉམ་རུབ་ཀྱིས་ལྷ་ཁང་ཅིག་སྦེ་ བསྒྱུར་བཅོས་འབད་ཡོདཔ་སྦེ་བཤད་ནི་ཡོད་རུང་། ཆུ་ཞིང་ཨ་རིང་དེ་ནང་ ཆེ་མ་ལུ་ཡོད་པའི་ དྲུང་པ་གི་མི་བརྒྱུད་ཅིག་གིས་ ལཱ་འབད་དེ་འདུག། ཧེ་མ་སྣག་ཚང་འདི་ ཐོག་ཚད་གཉིས་འབད་ རང་ལུགས་འབྲུག་པའི་ སྒྲིང་ཁྱིམ་གྱི་བཟོ་བཀོད་ནང་ཡོདཔ་ཨིན་རུང་། ཤུལ་ལས་ སྤྱི་ལོ་ ༢༠༠༤ ལས་འགོ་བཙུགས་ འབྲུག་གཞུང་གི་མ་དངུལ་རྒྱབ་སྐྱོར་ཐོག་ལས་ ལྷ་ཁང་གི་བཟོ་བཀོད་ནང་ བསྒྱུར་བཅོས་དང་རྒྱ་བསྐྱེད་འབད་དེ་ ལྷ་ཁང་གི་མཚན་ཡང་ བདེ་ཆེན་ཆོས་གླིང་ལྷ་ཁང་ ཟེར་བཏགས་གནང་སྟེ་འདུག། ལྷ་ཁང་དེ་ནང་ མཚམས་པ་བཟང་པོ་གིས་ཕུལ་བའི་ རྒྱུ་ཟངས་ལས་གྲུབ་པའི་ ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་འདྲ་དང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་འདྲ། དེ་ལས་རྗེ་བཙུན་སྒྲོལ་མ་བཅས་ཀྱི་སྐུ་འདྲ་དང་། གུ་རུ་སྣང་སྲིད་གཟིལ་གནོན་གྱི་མཐོང་གྲོལ་ཆེན་མོ་ཚུ་མཇལ་ནི་ཡོདཔ་མ་ཚད། མི་དབང་མངའ་བདག་རིན་པོ་ཆེའི་ དགུང་སྐེག་བཟློག་ཐབས་ལུ་ རྒེད་འོག་རེ་ནང་ འཕགསཔ་སྤྱན་རས་གཟིགས་ཀྱི་སྐུ་འདྲ་རེ་གནང་མི་དེ་ཡང་ རྒེད་འོག་དེ་གི་འོག་ལུ་ཡོད་པའི་ ལྷ་ཁང་བཅུ་གཅིག་གི་མིང་ཐོ་གུ་ རྒྱན་ཤོག་འཐུ་སྐབས་ ལུང་བསྟན་མེ་ལོང་མཁར་སྣག་ཚང་ལུ་ བབས་མི་དང་འཁྲིལ་ ད་རེས་ནངས་པ་ ལྷ་ཁང་དེ་ནང་གདན་འདྲེན་ཞུས་ཏེ་འདུག། ལྷ་ཁང་དེ་ནང་ ལྷ་ཆེན་རྩ་གསུམ་གྱི་ལྡེབས་རིས་དང་། མཁན་སློབ་ཆོས་གསུམ་གྱི་ལྡེབས་རིས། འཛམ་གླིང་མཛེས་པའི་རྒྱན་དྲུག་དང་ མཆོག་གཉིས་ཀྱི་ལྡེབས་རིས་ཚུ་ བཞུགས་ཏེ་ཡོདཔ་མ་ཚད། བླམ་ཉི་མ་གིས་ཕུལ་བའི་ རྒྱ་ཤོག་གི་བཀའ་འགྱུར་ཆེན་མོ་ཆ་ཚང་གཅིག་ཡང་ དེ་ནང་འདུག། ད་རེས་ནངས་པ་ ལྷ་ཁང་དེ་ནང་ མེ་ལོང་མཁར་དང་ ཆེ་མ་གཡུས་ཚན་གཉིས་ཀྱི་ མི་སེར་ཚུ་གིས་ མཉམ་རུབ་ཐོག་ ལོ་ཨ་རྟག་ར་ རང་ཟླ་བཞི་པའི་ནང་ ཚོགས་འཁོར་དང་། རང་ཟླ་ལྔ་པའི་ནང་ སྤྲེལ་ཟླ་ཚེས་བཅུ་དང་འབྲེལ་ མཐོང་གྲོལ་ཆེན་མོའི་ མཇལ་ཁ། དེ་ལས་རང་ཟླ་བརྒྱད་པའི་ནང་ བཀའ་འགྱུར་དག་ཚར་ལྷག་གནང་སྟེ་ མཇུག་ལུ་ཆོས་སྐོར་ཟེར་ བཀའ་འགྱུར་གདན་འདྲེན་ཞུས་ཏེ་ ཉིནམ་གཉིས་ཀྱི་རིང་ གཡུས་བསྐོར་རྐྱབ་སྲོལ་འདུག། ད་རེས་སྣག་ཚང་དེ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ སྲོལ་འཛིན་ལས་ཁུངས་ཀྱིས་པར་སྐྲུན་འབད་ཡོད་མི་ འབྲུག་གི་རྫོང་གཞིས་དང་ལྷ་ཁང་དགོན་སྡེའི་ཐོ་ཡིག་ཟེར་མི་ དཔེ་དེབ་དང་འཁྲིལ་བ་ཅིན་ དམངས་ཀྱི་ལྷ་ཁང་སྦེ་ ཐོ་བཀོད་འབད་དེ་འདུག།
ཡེར་འཕེལ་(ཡར་འཕེལ)གཡུས་ཚན།
ཡེར་འཕེལ་གཡུས་ཚན་དེ་ རྒེད་འོག་ལྟེ་བ་ལས་ རྐང་ཐང་སྦེ་ དུས་ཡུན་ཆུ་ཚོད་ ༣.༣༠ ལྷགཔ་ཅིག་ འགྲོ་འགྲུལ་འཐབ་པའི་ཤུལ་ལུ་ལྷོད་སར་ཆགས་ཏེ་འདུག། རྒེད་འོག་བདག་སྐྱོང་ཡིག་ཚང་ནང་ཡོད་པའི་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་ ༢༠༡༩ ཅན་མ་དང་འཁྲིལ་བ་ཅིན་ གཡུས་ཚན་འདི་ནང་ལུ་ ཁྱིམ་གུང་པ་ ༥༥ དེ་ཅིག་དང་། མི་རློབས་གྲངས་ ༣༨༩ ལྷགཔ་ཅིག་ ཐོ་བཀོད་འབད་དེ་འདུག། དཔལ་འབྲུག་ཞིབ་འཇུག་ལྟེ་བ་གིས་ པར་སྐྲུན་འབད་ཡོད་མི་ རྗེ་ཡོནཏན་མཐའ་ཡས་དང་། རྗེ་ཀུན་དགའ་རྒྱ་མཚོ་གཉིས་ཀྱིས་མཛད་པའི་ འབྲུག་གི་སྡེ་སྲིད་ཁྲི་རབས་༡༣ པ་ཆོས་རྗེ་ཤེས་རབ་དབང་ཕྱུག་ ༼༡༦༩༧_༡༧༦༥༽ གི་དགེ་བའི་ཆོ་ག་རབ་ཏུ་གསལ་བའི་གཏམ་མུ་ཏིག་དོ་ཤལ་ ཟེར་མི་ནང༌ལུ་འབད་བ་ཅིན་ གཡུས་ཚན་དེ་གི་མིང་ ཡས་འཕེལ་དགོན་པ་ ཟེར་ཐོ་བཀོད་འབད་དེ་འདུག། ཨིན་རུང་ ད་རེས་ནངས་པ་ གཡུས་ཀྱི་མིང་སྡེབ་ཡེར་འཕེལ་ ཟེར་འབྲི་སྲོལ་དར་ཏེ་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༡༩ ལོར་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྩོམ་སྒྲིག་དང་ པར་སྐྲུན་འབད་ཡོད་མི་ མིང་གནས་གསལ་བའི་འོད་ཟེར་ནང་ལུ་ཡང་ ཡེར་འཕེལ་ ཟེར་ཐོ་བཀོད་འབད་དེ་འདུག།
ཡེར་འཕེལ་བཀྲ་ཤིས་མཐོང་རྒྱ་དགོན་པ།
ཡེར་འཕེལ་བཀྲ་ཤིས་མཐོང་རྒྱ་གླིང་དགོན་པ་འདི་ ག་ནི་བ་མཐོང་གསལ་ཆེ་བའི་ ས་གནས་སྤོ་ཏོག་ཅིག་གུ་ བཞེངས་ཏེ་འདུག། གཡུས་ཚན་དེ་ནང་ལུ་ རྒན་ཤོས་ཅིག་ཨིན་མི་ བཟོ་བོ་ཨཔ་ཚེ་དབང་རྡོ་རྗེ་གིས་བཤད་མི་ ངག་རྒྱུན་གྱི་ལོ་རྒྱུས་དང་འཁྲིལ་བ་ཅིན་ ལྷ་ཁང་དེ་ གཡུས་ཚན་དེ་ནང་ལས་ར་ཨིན་མི་ ཡོངས་གྲགས་ལུ་ བསྐང་གསོལ་བླ་མ་ཟེར་ཞུ་མི་ དགེ་སློང་ངག་དབང་གིས་ འགོ་འདྲེན་འཐབ་ཐོག་ལུ་ སྤྱི་ལོ་ ༡༩༦༡ ལོར་ ཡ་ལང་རྒེད་འོག་གི་ མི་སེར་དམངས་ཀྱིས་ བཞེངས་ཡོད་ལུགས་ བཤད་ནི་འདུག། ད་རུང་ བཟོ་བོ་ཨཔ་ཚེ་དབང་རྡོ་རྗེ་གིས་བཤད་མི་ ངག་རྒྱུན་ལོ་རྒྱུས་དང་འཁྲིལ་བ་ཅིན་ དགེ་སློང་ངག་དབང་ ཁོ་ར་ གཡུས་ཚན་དེ་ནང་ལས་ཨིན་ཁུངས་དང་། ཁོ་གིས་ བོད་ལུ་བསེ་ར་གྲྭ་ཚང་ཆེན་མོ་ནང་འཛུལ་ཏེ་ འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཚུ་ག་ར་མཐར་ཕྱིནམ་སྦེ་ སྦྱངས་བརྩོན་འབད་ཡོདཔ་མ་ཚད་ གྲྭ་ཚང་ཆེན་མོ་འདི་ནང་ མཁས་པ་སྟོང་ཕྲག་༦ ལྷགཔ་ཅིག་དང་ དོ་འགྲན་འབད་དེ་ བསྐང་རྒྱུན་པའི་ཕྱག་འགན་ཡང་ བཞེས་གནང་པའི་ ལོ་རྒྱུས་བཤད་ནི་འདུག། ཨིན་རུང་ ཤུལ་ལས་ ཁོ་ར་ རྒྱ་ནག་བོད་གཉིས་ཀྱི་བར་ན་ སྟབས་མ་བདེ་བའི་གནད་ལས་བརྟེན་ཏེ་ ལོག་གཡུས་ཚན་དེ་ནང་བྱོན་ཡོད་ལུགས་དང་། བསྟན་པ་དང་འགྲོ་བ་སེམས་ཅན་གྱི་དོན་ལུ་ ཆོས་ཕྱོགས་ཀྱི་བྱ་བ་ཡང་ འཕྲོ་མཐུད་མཛད་གནང་ཡོད་པའི་ ལོ་རྒྱུས་འདུག།
གཡུས་ཚན་དེ་ནང་ སྔོན་མ་ལས་ ལྷ་ཁང་ཅིག་ཡོད་ཚུལ།
ད་རུང་ ལོ་རྒྱུས་གཞན་ཅིག་ལས་ རིག་འཛིན་འཇིགས་མེད་གླིང་པའི་སློབ་མ་ བཀའ་རྙིང་ཟུང་འབྲེལ་གྱི་ནང་ལུ་ མཁས་པའི་གྲུབ་པ་ཐོབ་པའི་ འཇིགས་མེད་ཀུན་གྲོལ་མཆོག་གིས་ཡང་ ཡོངས་ལེགས་དགོན་པ་ལས་ཡར་བོད་ལུ་བྱོནམ་ད་ གཡུས་ཚན་དེ་ནང་ ཞབས་ཀྱིས་བཅག །བྱིན་གྱིས་བརླབས་གནང་པའི་ ལོ་རྒྱུས་འདུག། དཔལ་འབྲུག་ཞིབ་འཇུག་ལྟེ་བ་གིས་ པར་སྐྲུན་འབད་ཡོད་མི་ རྗེ་ཡོནཏན་མཐའ་ཡས་དང་། རྗེ་ཀུན་དགའ་རྒྱ་མཚོ་གཉིས་ཀྱིས་མཛད་པའི་ འབྲུག་གི་སྡེ་སྲིད་ཁྲི་རབས་ ༡༣ པ་ ཆོས་རྗེ་ཤེས་རབ་དབང་ཕྱུག་༼༡༦༩༧_༡༧༦༥༽ གི་དགེ་བའི་ཆོ་ག་རབ་ཏུ་གསལ་བའི་གཏམ་མུ་ཏིག་དོ་ཤལ་ ཟེར་མི་ནང༌ལུ་ ཡས་འཕེལ་དགོན་པ་ཟེར་ ཐོ་བཀོད་གནང་མི་དང་འཁྲིལ་བ་ཅིན་ ལྷ་ཁང་དེ་ དུས་རབས་༡༨ པའི་སྔ་གོང་ལས་ར་ཡོད་པའི་ ལྷ་ཁང་རྙིངམ་ཅིག་ཨིན་པས། དུས་རབས་༡༨ པའི་ནང་ཡོད་མི་ལྷ་ཁང་་དེ་ བདག་འཛིན་འཐབ་མི་མེད་པར་ ཉམས་ཆག་ཤོར་ཞིནམ་ལས་ ད་ལྟོ་ཡོད་མི་ ལྷ་ཁང་དེ་བཞེངས་པའི་ཚོད་འདུག། ལྷ་ཁང་དེ་ནང་ ནང་རྟེན་གཙོ་བོ་ ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་འདྲ་དང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་འདྲ། དེ་ལས་རྗེ་བཙུན་སྒྲོལ་མའི་སྐུ་འདྲ་དང་། ཞབས་དྲུང་རིན་པོ་ཆེའི་སྐུ་འདྲ་ཚུ་མཇལ་ནི་ཡོདཔ་མ་ཚད། ཞབས་དྲུང་ཕུན་སུམ་ཚོགས་པའི་ལྡེབས་རིས་ཚུ་ཡང་ མཇལ་ནི་འདུག། ད་རེས་ནངས་པ་ ལྷ་ཁང་དེ་ནང་ ལོ་བསྟར་བཞིན་དུ་ རང་ཟླ་བཞི་པའི་ས་ག་ཟླ་བའི་ དུས་ཆེན་ཁྱད་པར་ཅན་དང་འབྲེལ་ ཚོགས་འཁོར་ཉིནམ་གཅིག་དང་། རང་ཟླ་དྲུག་པའི་ནང་ ཆོས་འབུམ་ཉིནམ་གཉིས་ལྷག་གནང་དོ་ཡོདཔ་མ་ཚད། མཇུག་ལུ་གཏེར་འཆམ་གྱི་མཇལ་ཁ་གནང་སྲོལ་ དང་། ཉིནམ་གསུམ་པའི་སྐབས་ གཏང་རག་གི་ཚོགས་འཁོར། དེ་ལས་རང་ཟླ་བརྒྱད་པའི་ནང་ བཀའ་འགྱུར་དག་ཚར་ལྷག་མཇུག་ལུ་ཆོས་སྐོར་དང། རང་ཟླ་བཅུ་པའི་ནང་ སྨྱུང་གནས་དཀརཔོ་ཆ་གཉིས་བརྩི་སྲུང་ཞུ་སྲོལ་འདུག། ད་རེས་ ལྷ་ཁང་དེ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ སྲོལ་འཛིན་ལས་ཁུངས་ཀྱིས་པར་སྐྲུན་འབད་ཡོད་མི་ འབྲུག་གི་རྫོང་གཞིས་དང་ལྷ་ཁང་དགོན་སྡེའི་ཐོ་ཡིག་ཟེར་མི་ དཔེ་དེབ་དང་འཁྲིལ་བ་ཅིན་ ལྷ་ཁང་གི་བདག་དབང་ཧྲིལ་བུམ་ དམངས་ལུ་ཡོདཔ་སྦེ་ ཐོ་བཀོད་འབད་དེ་འདུག།
གནམ་ཐིག་གཡུས་ཚན་གྱི་སྐོར།
གནམ་ཐིག་གཡུས་ཚན་དེ་ རྒེད་འོག་ལྟེ་བ་ལས་ དུས་ཡུན་ཆུ་ཚོད་ ༣ ལྷག་ཙམ་ཅིག་ རྐང་ཐང་སྦེ་འགྱོ་བའི་ཤུལ་ལུ་ ལྷོད་པའི་ས་ཁར་ཆགས་ཏེ་འདུག། གཡུས་ཚན་དེ་ སྡུག་བསྟི་སྤྱི་འོག་དང་། མེ་ལོང་མཁར་ཆེ་མ་སྤྱི་འོག། དེ་ལས་ཡེར་འཕེལ་གཡུས་ཚན་ཚུ་ནང་ འགྱོ་སའི་གཞུང་ལམ་གྱི་འོག་ལུ་ ཆགས་ཏེ་འདུག། རྒེད་འོག་བདག་སྐྱོང་ཡིག་ཚང་ནང་ཡོད་པའི་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་༢༠༡༩ ཅན་མ་དང་འཁྲིལ་བ་ཅིན་ གཡུས་ཚན་དེ་ནང་ ཁྱིམ་གུང་པ་༢༧ ལྷགཔ་ཅིག་དང་ མི་རློབས་གྲངས་༡༩༨ ལྷགཔ་ཅིག་ཡོདཔ་སྦེ་ ཐོ་བཀོད་འབད་དེ་འདུག། གནམ་ཐིག་ གཡུས་ཚན་གྱི་མིང་གནས་ ལོ་རྒྱུས་བཤད་སྲོལ་གཉིས་ཡོད་པའི་ནང་ལས། གཙོ་འཛིན་དཀོན་མཆོག་ནོར་བུ་གིས་བཤད་མི་ ངག་རྒྱུན་དང་འཁྲིལ་བ་ཅིན་ ཧེ་མ་གཡུས་ཚན་དེ་ནང་ གཞི་ཆགས་པར་འོང་མི་ཚུ་ ས་ཆ་འདི་གི་མིང་ ག་ཅི་བཏགསཔ་དྲག་ག་ ཟེར་མནོ་བསམ་གཏང་སྡོདཔ་ད་ གནམ་ཁ་ལུ་ འཇའ་འོད་ཐིག་འཐེན་བཞག་བཞགཔ་བཟུམ་ ཐད་སྒོར་སྒོར་སྦེ་སྐོར་ས་མཐོང་ཡོདཔ་ལས་ ད་རེས་ནམ་མཁར་འཇའ་ཐིག་འཐེན་བཞག་བཞགཔ་བཟུམ་ཤར་ནུག་སྨ་རེད། ཟེར་སླབ་པའི་ཚིག་ལས་ རྟ་དྲངས་ཏེ་ བཏགས་ཡོད་པའི་ལོ་རྒྱུས་དང་། རོ་ལམ་གཡུས་ཚན་ནང་ལས་ཨིན་མི་ རྒན་རབས་སྐྱིད་བུ་གིས་ ངག་རྒྱུན་བཤད་མི་དང་འཁྲིལ་བ་ཅིན་ ཧེ་མ་བླམ་ཅིག་བསོད་སྙོམས་ལུ་བྱོན་སྐབས་ ཁྱིམ་རྐྱབ་མི་བཟོ་བོ་གཅིག་དང་ཕྱད་དེ་ བླམ་གིས་བཟོ་བོ་དེ་ལུ་ ཁྱོད་གནམ་ལངསམ་ད་ ལཱ་ག་ཅི་འབདཝ་སྨོ་ཟེར་དྲིཝ་ད་ བཟོ་བོ་དེ་གིས་ ང་གནམ་ལངསམ་ད་ ཤིང་གུ་ཐིག་རྐྱབ་ཞིན་ན་བཞོགཔ་ཨིན་ ཟེར་ཞུ་མི་ལས་ རྟ་དྲངས་ཏེ་ བཏགས་ཡོད་པའི་ ལོ་རྒྱུས་གཉིས་འདུག། མཁས་པ་ཚུ་གིས་ དཔྱད་པ་མཛད་དེ་ བཀའ་དྲིན་བསྐྱང་གནང་ ཟེར་ཞུ་ནི་དང་གཅིག་ཁར་ སྤྱི་ལོ་ ༢༠༡༩ ལོར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྩོམ་སྒྲིག་དང་ པར་སྐྲུན་འབད་ཡོད་མི་ མིང་གནས་གསལ་བའི་འོད་ཟེར་ནང་ལུ་འབད་རུང་ ཡིག་སྡེབ་གནམ་ཐིག་ ཟེར་རང་ ཐོ་བཀོད་འབད་དེ་འདུག།
གནམ་ཐིག་བཀྲ་ཤིས་ཆོས་གླིང་ལྷ་ཁང་གི་ལོ་རྒྱུས།
གཡུས་ཚན་དེ་ནང་ཡོད་པའི་ བཀྲ་ཤིས་ཆོས་གླིང་ལྷ་ཁང་དེ་ སྤྱིར་སངས་རྒྱས་ཀྱི་བསྟན་པ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་འབད་ཐབས་དང་། ལྷག་པར་དུ་ གཡུས་ཚན་དེ་ནང་ལུ་ ཆོས་ཕྱོགས་ཀྱི་ལས་རིམ་འགོ་འདྲེན་འཐབ་ནི་དང་ ཤི་གསོན་གྱི་དགེ་རྩ་སྒྲུབ་ས་ཅིག་ཨིན་པས། གཡུས་ཚན་འདི་ནང་ལས་ར་ཨིན་མི་ གཙོ་འཛིན་དཀོན་མཆོག་ནོར་བུ་གིས་ ངག་རྒྱུན་བཤད་དོ་བཟུམ་འབད་བ་ཅིན་ ཧེ་མ་གཡུས་ཚན་དེ་ནང་ ལྷ་ཁང་མེད་པའི་སྐབས་ དེ་ཁའི་མི་སེར་ཚུ་ ཤི་གསོན་གྱི་དགེ་རྩ་སྒྲུབ་ནི་དང་། ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ལུ་ དཀའ་ངལ་སྦོམ་ཐོན་སྡོད་ནུག་ཟེར་ཨིན་པས། དེ་ཡང་ འཕྲལ་འཕྲལ་སྒེར་གྱི་ཁྱིམ་ཚུ་བརྙ། འཕྲལ་འཕྲལ་ཞིང་ནང་ལས་ཕར་ གནས་སྐབས་ཀྱི་གུར་སྤུབས་ཏེ་ འགོ་འདྲེན་འཐབ་སྡོད་ནུག་ ཟེར་ཨིན་པས། དཀའ་ངལ་དེ་ཚུ་ སེལ་ཐབས་འབད་ནི་གི་དོན་ལུ་ གཡུས་ཚན་འདི་ནང་ལས་ར་ཨིན་མི་ མཚམས་པ་རྡོ་རྗེ་རྣམ་རྒྱལ་ ཟེར་མི་གིས་ ལྷ་ཁང་ཅིག་གསར་བཞེངས་འབད་ནིའི་ ཐུགས་བཞེད་གནང་ཡོད་རུང་ མི་རློབས་ཉུང་ནི་འདི་གིས་ བཞེངས་མ་ཚུགས་པར་ ལུས་ནུག་ཟེར་ཨིན་པས།
ལྷ་ཁང་བཞེངས་ལོ་དང་། འགོ་འདྲེན་པ།
ཨིན་རུང་ ད་ལྟོ་མཇལ་སར་ཡོད་མི་ལྷ་ཁང་དེ་ རང་ལུགས་གནམ་ལོ་ཤིང་མོ་ལུག་ལོའམ་ སྤྱི་ལོ་ ༡༩༦༧ ལོ་ལུ་ མཚམས་པ་རྡོ་རྗེ་རྣམ་རྒྱལ་གྱིས་ ཐུགས་སྨོན་དང་། གཡུས་འདི་ནང་གི་མི་སེར་ཚུ་གི་ཁ་རྗེ་བསོད་ནམས་ལས་བརྟེན་ཏེ་ གཡུས་ཚན་དེ་ནང་ལས་ར་ཨིན་མི་ བླམ་ཆོས་སྐྱོང་གྲགས་པ་ ཟེར་མི་དང་། རྒཔོ་བགྲེསཔོ་བ་ཁུ། དེ་ལས་ཡ་ལང་གཡུས་ཚན་ནང་ལས་ གཉེན་སྦེ་འོང་མི་ མཚམས་པ་ཤེས་རབ་རྒྱལ་མཚན་གསུམ་གྱིས་ འགོ་འཁྲིད་འབད་དེ་ གཡུས་ཚན་དེ་ནང་མི་སེར་ཚུ་གིས་ རྒྱབ་སྐྱོར་ཐོག་ བཞེངས་ཏེ་ མི་ལོ་༥༢ ལྷག་ཅིག་སོང་ནུག། ལྷ་ཁང་དེ་ནང་ ནང་རྟེན་གཙོ་བོ་ རྒྱུ་སྨན་འདམ་ལས་གྲུབ་པའི་ ཆོས་ལོངས་སྤྲུལ་གསུམ་ཀྱི་སྐུ་འདྲ་དང་། སྨན་ལྗོངས་འབྲུག་ཡུལ་འདི་ནང་ བཀའ་དྲིན་ཅན་གྱི་བདག་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ། དེ་བཟུམ་སྦེ་ བུ་ནོར་ཐམས་ཅད་ དར་ཞིང་རྒྱས་པའི་ཐབས་ལུ་ རྗེ་བཙུན་སྒྲོལ་མའི་སྐུ་འདྲ་དང་། རིགས་གསུམ་མགོན་པོའི་སྐུ་འདྲ། དེ་ལས་ཞི་ཁྲོའི་ལྷ་ཚོགས་དང་། གཏེར་གསར་ལྷ་ཚོགས་ཚུ་གི་ལྡེབས་རིས་ཚུ་ མཇལ་ནི་འདུག། དེ་ལས་བཀའ་འགྱུར་ཚར་གཅིག་དང་། ཆོས་འབུམ། ཉི་ཁྲི། བརྒྱད་སྟོང་པ་དང་བཅས་པ་ཚར་གཅིག། དེ་བཟུམ་སྦེ་ དགེ་འདུན་དཀོན་མཆོག་གི་ཚབ་ལུ་ གཙོ་འཛིན་དཀོན་མཆོག་ནོར་བུ་གིས་གཙོས་པའི་ སྒོམ་ཆེན་༡༠ བཅས་བཞུགས་ཏེ་ གཡུས་ཚན་དེ་ནང་ སངས་རྒྱས་ཀྱི་བསྟན་པ་དར་སྤེལ་ མཛད་བཞིན་འདུག། ལྷ་ཁང་འདི་གིས་ ད་རེས་ནངས་པ་ མི་སེར་ཚུ་གིས་ ཚོགས་བསགས། སྒྲིབ་བྱང་གི་དོན་ལུ་ ཕན་སྦོམ་ཐོགས་ཡོད་མི་དེ་ཡང་། རང་ཟླ་བཞི་པའི་ནང་ ཆོས་འབུམ་དག་ཚར་དང་ ཆོས་སྐོར། རང་ཟླ་དགུ་པའི་ནང་ བཀའ་འགྱུར་དག་ཚར་དང་ཆོས་སྐོར། རང་ཟླ་དགུ་པའི་ནང་ ལྷ་བབས་དུས་ཆེན་གྱི་ཚེས་བཅུ་དང་། ཟླཝ་བཅུ་གཉིས་པའི་ནང་ སྨྱུང་གནས་དཀརཔོ་ཆ་གཉིས་ འགོ་འདྲེན་འཐབ་སྲོལ་ཡོདཔ་མ་ཚད། ཟླ་རིམ་བཞིན་གྱི་ ཚེས་བཅུ་ཐམ་ལུ་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་ དུས་བཟང་ཁྱད་པར་ཅན་དང་འབྲེལ་ཏེ་ ཆོ་གཔ་ཚུ་གིས་ དྲོ་པ་རི་བོ་བསང་མཆོད་ལས་འགོ་བཙུགས་ ཉིནམ་གཅིག་གི་རིང་ ཚེས་བཅུ་གནང་པའི་སྐབས་ གཡུས་ཁའི་མི་ཚུ་ཡང་ དྲོ་པ་ལས་ ལྷ་ཁང་དེ་ནང་འཛོམས་ཏེ་ བཛྲ་གུ་རུ་བགྱངས་སྦེ་ ཉིནམ་གཅིག་གི་རིང་ སྡིག་སྤོང་དགེ་སྒྲུབ་ཀྱི་ལཱ་ལུ་བརྩོན་བཞིན་འདུག། བཀྲ་ཤིས་ཆོས་གླིང་ལྷ་ཁང་དེ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ སྲོལ་འཛིན་ལས་ཁུངས་ཀྱིས་པར་སྐྲུན་འབད་ཡོད་མི་ འབྲུག་གི་རྫོང་གཞིས་དང་ལྷ་ཁང་དགོན་སྡེའི་ཐོ་ཡིག་ཟེར་མི་ དཔེ་དེབ་དང་འཁྲིལ་བ་ཅིན་ བདག་དབང་ཧྲིལ་བུམ་ དམངས་ལུ་ཡོདཔ་འབད་ བཀོད་དེ་འདུག།
རོ་ལམ་གཡུས་ཚན་གྱི་སྐོར།
གཡུས་ཚན་ ༩ གི་གྲལ་ལས་ རོ་ལམ་གཡུས་ཚན་དེ་ རྒེད་འོག་ལྟེ་བ་ལས་ དུས་ཡུན་ཆུ་ཚོད་ཕྱེད་ལྷགཔ་ཅིག་ རྐང་ཐང་འབད་འགྱོ་བའི་སྐབས་ ས་གནས་ཆུ་མདའ་ཟེར་ས་ ལྷོདཔ་མས། ད་རུང་ དེ་ཁ་ལས་ཡར་ ཁ་གྱེན་འཛེགས་ཏེ་ དུས་ཡུན་སྐར་མ་ ༣༠ དེ་ཅིག་གི་རྩིས་འགྱོ་དགོ་པའི་ས་ཁར་ཆགས་ཏེ་འདུག། རྒེད་འོག་བདག་སྐྱོང་ཡིག་ཚང་ནང་ཡོད་པའི་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་ ༢༠༡༩ ཅན་མ་དང་འཁྲིལ་བ་ཅིན་ གཡུས་ཚན་འདི་ནང་ལུ་ ཁྱིམ་གུང་པ་ ༦༦ དང་། མི་གྲངས་བསྡོམས་༥༥༡ ལྷགཔ་ཅིག་ཡོད་ལུགས་ ཐོ་བཀོད་འབད་དེ་འདུག། གཡུས་ཚན་དེ་གི་མིང་ རོ་ལམ་ ཟེར་སླབ་དགོ་པའི་ར་ཁུངས་དེ་ ངག་རྒྱུན་ཅིག་ལས་ ཧེ་མ་མོན་རྟ་དབང་ལས་ཨིན་མི་ མི་ངོམ་རིག་འཛིན་ཟེར་མི་དང་། ས་གནས་ཁྲག་སྒོམ་ལས་ཨིན་མི་ མི་ངོམ་བོ་དྷི་ ཟེར་མི་གཉིས་ མ་འགྲིགས་པར་ ཕྱོགས་བཟུང་སྟེ་ དམག་རྐྱབ་ད་ རིག་འཛིན་གྱི་དམག་ཕམ་སྟེ་ མགྱོགས་འགྱོ་བའི་སྐབས་ ས་གནས་དེ་ཁར་ལྷོདཔ་ད་ རིག་འཛིན་དེ་གྱོངས་ཏེ་ རོ་སྦེ་ འབག་དགོཔ་ཐོན་ཡོད་ནི་འདི་གིས་ རོ་ལམ་ ཟེར་བཏགས་པའི་ ལོ་རྒྱུས་འདུག། ངག་རྒྱུན་གཞན་ཅིག་བཤད་མི་དང་འཁྲིལ་བ་ཅིན་ གཡུས་ཚན་གྱི་ཟུར་ཁར་ དང་ཕུ་རོ་ཆེན་དངོས་གྲུབ་བཟང་པོ་ རྡོ་ལུ་བྱིན་གྱིས་བརླབས་བཞག་མི་རྡོའི་བཟོ་རྣམ་ མིའི་ཕུངམོ་ཅོག་འཐདཔ་ཡོད་མི་དེ་ མི་ཚུ་གིས་ཁྱིམ་རྐྱབ་སྐབས་ སྤོག་སྟེ་མེདཔ་བཏང་ཡོད་ལུགས་བཤད་པའི་ཁར་ རྡོ་འདི་ལས་རྟ་དྲངས་ཏེ་ གཡུས་ཚན་གྱི་མིང་ཡང་རོ་ལམ་ཟེར་བཏགས་ཡོད་ལུགས་ཀྱི་ཁུངས་བཤད་ནི་འདུག་ཟེར་ཨིན་པས། ཨིན་རུང་ གནད་དོན་དེ་གི་སྐོར་ལས་ ཁུངས་ལྡན་ཡིག་ཆ་རེ་ཡོད་པ་ཅིན་ མཁས་པ་ཚུ་གིས་ དཔྱད་པ་གནང་སྟེ་ བཀའ་དྲིན་བསྐྱང་གནང་ ཟེར་ཞུ་ནི་དང་གཅིག་ཁར། སྤྱི་ལོ་ ༢༠༡༩ ལོར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྩོམ་སྒྲིག་དང་ པར་སྐྲུན་འབད་ཡོད་མི་ མིང་གནས་གསལ་བའི་འོད་ཟེར་ནང་ལུ་ཡང་ དེ་སྦེ་ར་ བཀོད་དེ་འདུག།
རོ་ལམ་སྤང་སྟོད་ཆོས་གླིང་ལྷ་ཁང་གི་ལོ་རྒྱུས།
གཡུས་ཚན་དེ་ནང་ ལྷ་ཁང་གཉིས་ཀྱི་གྲལ་ལས་ སྤང་སྟོད་ཆོས་གླིང་ལྷ་ཁང་དེ་ བཙན་ཆེན་སྐོར་ཕུ་གི་མཇུག་ལུ་ དང་། གཡུས་ཚན་འདི་གི་མགུ་ལུ་ ག་ནི་བ་མཛེས་ཆ་དང་ལྡན་པའི་ ས་གོ་ཅིག་ནང་ ཆགས་ཏེ་འདུག། གཡུས་ཚན་དེ་ནང་ ལོ་ངོ་ལེ་ཤ་ཅིག་གི་ཧེ་མ་ལས་ ཆོས་ཕྱོགས་ཀྱི་ལས་རིམ་འགོ་འདྲེན་འཐབ་སྟེ་བཞུགས་མི་ སློབ་དཔོན་གྲུབ་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལྷ་ཁང་དེ་ སྤྱི་ལོ་༡༩༡༦ མེ་ཕོ་འབྲུག་ལོ་ལུ་ དགེ་སློང་ཁོ་ཙ་ཟེར་མི་གིས་ བཞེངས་ཡོདཔ་དང་ ད་ཚུན་ ལྷ་ཁང་དེ་བཞེངས་ཏེ་ ལོ་ངོ་ ༡༠༥ ལྷགཔ་ཅིག་སོང་ཡོད་ལུགས་ཀྱི་ ལོ་རྒྱུས་བཤད་ནི་འདུག། སློབ་དཔོན་གྲུབ་པ་གིས་བཤད་མི་ ལོ་རྒྱུས་དང་འཁྲིལ་བ་ཅིན་ དགེ་སློང་ཁོ་ཙ་དེ་ གཡུས་དེ་ནང་ལས་ཨིན་པས། ཁོ་གིས་ བལ་པོ་ལུ་སོང་སྦེ་ མཆོད་རྟེན་བྱ་རུང་ཁ་ཤོར་གྱི་རྩ་བར་ འཕགསཔ་ཐུགས་རྗེ་ཆེན་པོའི་གསུང་། སྨྱུང་གནས་གནང་སྟེ་ སྟོང་ཐོན་པའི་ཤུལ་ལུ་ ལོག་སྟེ་ར་ གཡུས་ཚན་དེ་ནང་འོང་ཞིན་ན་ ད་ལྟོ་ཡོད་པའི་སྤང་སྟོད་ཆོས་གླིང་ལྷ་ཁང་དེ་ གསར་བཞེངས་འབད་ཡོད་པའི་ ལོ་རྒྱུས་བཤད་ནི་འདུག། སྤང་སྟོད་ཆོས་གླིང་ལྷ་ཁང་དེ་ནང་ ནང་རྟེན་གཙོ་བོ་ གུ་རུ་སྣང་སྲིད་གཟིལ་གནོན་དང་། ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་འདྲ་ཚུ་མཇལ་ནི་ཡོད་མི་ཚུ་ཡང་ ཡོངས་གྲགས་ལུ་ མེས་མེས་ཚོང་ཚོང་རིན་པོ་ཆེ་ ཟེར་ཞུ་མི་དེ་གིས་ ཕྱག་བཟོ་ཙང་ཙ་ཨིནམ་སྦེ་བཤད་ནི་འདུག། ཤུལ་ལས་ མི་རློབས་ཡར་རྒྱས་འགྱོ་མི་དང་བསྟུན་ ལྷ་ཁང་དེ་ རྒྱ་བསྐྱེད་འབད་ནིའི་ ལོ་རྒྱུས་སླབ་ཡོད་རུང་ རྒྱ་བསྐྱེད་འབད་སའི་ ས་གོ་ལངམ་སྦེ་མེདཔ་ལས་བརྟེན་ ད་ལྟོ་ཡོད་སའི་ ལྷ་ཁང་གསརཔ་དེ་ བཞེངས་དགོཔ་ཐོན་ནུག། དམངས་ཀྱི་ལྷ་ཁང་ གསར་བཞེངས་འབད་ཡོད་མི་དང་འབྲེལ་ སྤང་སྟོད་ཆོས་གླིང་ལྷ་ཁང་དེ་ སྒེར་གྱི་ལྷ་ཁང་ཅིག་ལུ་གྱུར་ཡོདཔ་དང་། ད་རེས་ནངས་པ་ ལྷ་ཁང་དེ་ དགེ་སློང་ཁོ་ཙ་ཁོ་རའི་ མི་རབས་རིམ་འབྱུང་ཚུ་གིས་ བདག་འཛིན་འཐབ་ཡོད་ལུགས་བཤད་ནི་འདུག། ལྷ་ཁང་དེ་ནང་ དུས་མཆོད་འབུམ་སྡེ་གི་ཐད་ཁར་ རང་ཟླ་ལྔ་པའི་ནང་ སྤྲེལ་ཟླ་ཚེས་བཅུ་དང་། དད་མོས་ཅན་གྱི་སྦྱིན་བདག་རེ་ཐོན་པའི་སྐབས་ སྨྱུང་གནས་དཀརཔོ་ཆ་གསུམ་རྐྱངམ་གཅིག་ལས་བརྒལ་ གཞན་ཚུ་ག་ར་ ད་ལྟོ་ཡོད་སའི་ དམངས་ཀྱི་ལྷ་ཁང་གསརཔ་ནང་ འགོ་འདྲེན་འཐབ་ཨིན་པས། ལྷ་ཁང་དེ་བཞེངས་ཏེ་ ལོ་ངོ་ལེ་ཤ་སོང་ཡོད་ནི་འདི་གིས་ ཉམས་ཆག་ཤོར་ཡོད་མི་དང་བསྟུན་ ཤུལ་ལས་ དགེ་སློང་ཁོ་ཙ་ ཁོ་རའི་ མི་རབས་རིམ་བྱུང་ཚུ་གིས་ ཉམས་གསོ་ཞུ་ནུག།
ཨོ་རྒྱན་ཆོས་གླིང་ལྷ་ཁང་གི་ལོ་རྒྱུས།
སྤྱི་ལོ་༡༩༨༥ ཤིང་གླང་ལོ་ལུ་ བཞེངས་ཡོད་མི་ ཐོག་ཚད་གཉིས་འབད་མི་ ཨོ་རྒྱན་ཆོས་གླིང་ལྷ་ཁང་དེ་ ག་ནི་བ་མཛེས་པའི་ གཡུས་ཚན་སྦུག་ལུ་ ས་ཆ་ཉམས་དགའ་ཏོག་ཏོ་ཅིག་གི་ནང་ ཆགས་ཏེ་འདུག། ས་ཆ་དེ་ གཡུས་ཚན་དེ་ནང་ལས་ར་ཨིན་མི་ ཨམ་ཨུ་སིན་དང་ ཨཔ་ཞོག་པོ་ ཁོང་བཟའ་ཚང་གཉིས་ཀྱིས་ སྤྱིར་ཁམས་གསུམ་འཁོར་བ་འདི་ནང་ཡོད་པའི་ སེམས་ཅན་ཐམས་ཅད་གཏན་གྱི་བདེ་བ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཀྱི་གོ་འཕང་ཐོབ་ཐབས་ཀྱི་དོན་ལུ་ དང་། ལྷག་པར་དུ་ གཡུས་ཚན་དེ་ནང་ ཆོས་ཕྱོགས་དང་འབྲེལ་བའི་ ལས་རིམ་ཚུ་འགོ་འདྲེན་འཐབ་སའི་ རྟེན་ལྷ་ཁང་ཁྱད་པར་ཅན་ཅིག་ བཞེངས་ཐབས་ལུ་དམིགས་ཏེ་ ཕུལ་ནུག། དེ་གི་ཤུལ་ལས་ སློབ་དཔོན་གྲུབ་པ་གིས་ འགོ་འདྲེན་འཐབ་སྟེ་ མི་སེར་དམངས་ཀྱིས་ ཅི་ཤེས་གང་ལྕོགས་ཀྱི་སྒོ་ལས་ རྒྱབ་སྐྱོར་ཧྲིལ་པོའི་ཐོག་བཞེངས་ཡོད་ཟེར་ཨིན་པས། སློབ་དཔོན་གྲུབ་པ་གིས་གསུངས་མི་ ལོ་རྒྱུས་དང་འཁྲིལ་བ་ཅིན་ ད་ཚུན་ ལྷ་ཁང་དེ་བཞེངས་ཏེ་ མི་ལོ་ ༣༦ ལྷགཔ་ཅིག་སོང་ཡོད་པའི་ ལོ་རྒྱུས་འདུག། ད་ལྟོ་ དམངས་ཀྱི་ལྷ་ཁང་སྦེ་ ལག་ལེན་འཐབ་མི་ ཨོ་རྒྱན་ཆོས་གླིང་ལྷ་ཁང་དེ་ བཞེངས་དགོ་པའི་དམིགས་ཡུལ་གཙོ་བོ་ར་ སྤང་སྟོད་ཆོས་གླིང་ལྷ་ཁང་དེ་ ས་གོ་ཆུང་ནི་འདི་གིས་ ཆོས་ཕྱོགས་དང་འབྲེལ་བའི་ ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ བྱ་སྟབས་མ་བདེཝ་ལས་བརྟེན་ཏེ་ བཞེངས་དགོཔ་ཐོན་ཡོད་ལུགས་བཤདཔ་ཨིན་པས། ལྷ་ཁང་དེ་ནང་ ནང་རྟེན་གཙོ་བོ་ སངས་རྒྱས་དཀོན་མཆོག་གི་ཚབ་ལུ་ ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་འདྲ་དང་། རིགས་གསུམ་མགོན་པོའི་སྐུ་འདྲ། དེ་ལས་ཕུར་པའི་སྐུ་འདྲ་དང་། སྐྱེས་བཙན་སྐོར་ཕུག་པའི་སྐུ་འདྲ་ཚུ་བཞུགས་སུ་གསོལ་ཡོད་པའི་ཁར་ དེ་ལས་ཆོས་དཀོན་མཆོག་གི་ཚབ་ལུ་ བཀའ་འགྱུར་ཚར་གཅིག་དང་། ཆོས་འབུམ་ཚར་གཅིག། དེ་ལས་གུ་རུ་མཚན་བརྒྱད་ཀྱི་མཐོང་འགྲོལ་ཆེན་མོ་དང་ དགེ་འདུན་དཀོན་མཆོག་གི་ཚབ་ལུ་ སློབ་དཔོན་གྲུབ་པ་གིས་གཙོས་པའི་ སྒོམ་ཆེན་ ༡༥ ལྷགཔ་ཅིག་བཞུགས་ཏེ་འདུག། ལྷ་ཁང་དེ་ མི་སེར་ཚུ་གིས་ ལྷག་བསམ་དཀར་པོའི་སྒོ་ལས་ བཞེངས་ནི་འགོ་བཙུགས་ཡོད་ནི་འདི་གིས་ ད་རེས་ནངས་པ་ ལྷ་ཁང་དེ་གིས་ ང་བཅས་རའི་ ནང་པ་སངས་རྒྱས་ཀྱི་བསྟན་པ་ཚུ་ མི་ཉམས་གོང་འཕེལ་ དང་། ཉམས་པ་སོར་ཆུད་འབད་ནི་ལུ་ ཕན་ཐོགས་སྦོམ་བྱུང་ཏེ་ཡོདཔ་མ་ཚད། ལྷག་པར་དུ་ གཡུས་ཚན་འདི་ནང་གི་ མི་སེར་ཚུ་ལུ་ ཚོགས་བསགས་སྒྲིབ་བྱང་གི་དོན་ལུ་ ཕན་སྦོམ་ཐོགས་ཏེ་འདུག། རང་ཟླ་དང་པའི་ནང་ སྨོན་ལམ་ཆེན་མོ་ཉིནམ་གཉིས་དང་། རང་ཟླ་ལྔ་པའི་ནང་ སྤྲེལ་ཟླ་ཚེས་བཅུ་དང་། རང་ཟླ་དྲུག་པའི་ནང་ བཀའ་འགྱུར་དག་ཚར་ལྷག་སྟེ་ ཉིནམ་མཇུག་ལུ་དམངས་བཟློག་ ཟེར་མི་ཅིག་བཏང་སྟེ་ དེའི་ནངས་པ་ཆོས་པོ་ཏི་ཚུ་གདན་འདྲེན་ཞུས་ཏེ་ ཆོས་སྐོར་ཟེར་ གཡུས་སྐོར་ར་རྐྱབ་སྲོལ་འདུག། དེ་ལས་ རང་ཟླ་བཅུ་པའི་ནང་ གསོལ་འདེབས་ཀྱི་ཚེས་བཅུ་གནང་སྲོལ་ཡོད་པའི་སྐབས་ལུ་ མི་དམངས་ལུ་ བཞེངས་ཤིག་པདྨོའི་འཆམ་དང་། པད་གླིང་གིང་གསུམ་གྱི་འཆམ། དེ་ལས་བར་དོའི་འཆམ་ཚུ་ཡང་ མཇལ་ཁ་གནང་དོ་ཡོདཔ་ཨིན་པས། ཟླ་རིམ་བཞིན་གྱི་ ཡར་ངོའི་ཚེས་བཅུ་ཐམ་ལུ་ གུ་རུ་རིན་པོ་ཆེ་་ལུ་གསོལ་བ་བཏབ་སྟེ་ ཚོགས་མཆོད་ཚུ་ཕུལ་སྦེ་ དགེ་བའི་ལཱ་ལུ་བརྩོན་བཞིན་འདུག། ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ སྲོལ་འཛིན་ལས་ཁུངས་ཀྱིས་པར་སྐྲུན་འབད་ཡོད་མི་ འབྲུག་གི་རྫོང་གཞིས་དང་ལྷ་ཁང་དགོན་སྡེའི་ཐོ་ཡིག་ཟེར་མི་ དཔེ་དེབ་དང་འཁྲིལ་བ་ཅིན་ སྤང་སྟོད་ཆོས་གླིང་ལྷ་ཁང་དེ་ སྒེར་གྱི་ལྷ་ཁང་དང་། ཨོ་རྒྱན་ཆོས་གླིང་དེ་ དམངས་ཀྱི་ལྷ་ཁང་སྦེ་ ཐོ་བཀོད་འབད་དེ་འདུག།
རིག་འཛིན་སྟན་པང་ཚོགས་ཁང་གི་ལོ་རྒྱུས།
ས་གནས་ རིག་འཛིན་སྟན་པང་ལུ་ཡོད་པའི་ ཡོངས་གྲགས་ལུ་ རིག་འཛིན་སྟན་པང་ཚོགས་ཁང་ ཟེར་ཞུ་མི་ལྷ་ཁང་དེ་ སྤྱི་ལོ་༡༩༨༦ ལོར་ ཁྲག་སྒོམ་དང་། བམ་ལྕང་། སྟོང་ཀ་ན་དང་། རིག་འཛིན་སྟན་པང་ ཟེར་མི་ཚོགས་ཁག་གསུམ་གྱིས་ མི་སེར་ཚུ་གིས་ ཚོགས་བསག་སྒྲིབ་བྱང་འབད་སའི་རྟེན་སྦེ་ བཞེངས་ཡོད་ལུགས་བཤད་ནི་འདུག། ལྷ་ཁང་དེ་ནང་ ནང་རྟེན་གཙོ་བོ་ སངས་རྒྱས་དཀོན་མཆོག་གི་ཚབ་ ཆོས་ལོངས་སྤྲུལ་གསུམ། ཆོས་སྐུ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་འདྲ་དང་། ལོངས་སྐུ་སྤྱན་རས་གཟིགས་ཀྱི་སྐུ་འདྲ། དེ་ལས་ སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་སྐུ་འདྲ་ཚུ་མཇལ་ནི་ཡོདཔ་མ་ཚད་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་གི་ སྐྱབས་མགོན་བླ་ན་མེད་པའི་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྐུ་འདྲ་དང་། བར་དོ་ཐོས་གྲོལ་གྱི་ལྡེབས་རིས་ཚུ་ཡང་ མཇལ་ནི་འདུག། དེ་བཟུམ་སྦེ་ ཆོས་དཀོན་མཆོག་གི་ཚབ་ལུ་ བཀའ་འགྱུར་དང་། འབུམ་པོ་ཏི་བཅུ་གཉིས། ཉི་ཁྲི། བརྒྱད་སྟོང་པ་དང་བཅས་བཞུགས་སུ་གསོལ་ཡོདཔ་ཨིན་པས། ད་རེས་ནངས་པ་ ལྷ་ཁང་དེ་ནང་ གཡུས་ཚན་དེ་ནང་གི་མི་སེར་ཚུ་གིས་ ལུས་ངག་ཡིད་གསུམ་གྱི་ལས་སྒྲིབ་ཚུ་ འདག་ནིའི་དོན་ལུ་ རང་ཟླ་བཞི་པའི་ནང་ ཆོས་འབུམ་དག་ཚར་དང་། རང་ཟླ་དགུ་པའི་ནང་ ལྷ་བབས་དུས་ཆེན། དེ་ལས་ཟླ་རིམ་བཞིན་གྱི་ཚེས་བཅུ་ཐམ་ལུ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ལུ་ ཚོགས་མཆོད་ཚུ་ཕུལ་ཏེ་ ཚོགས་བསགས་སྒྲིབ་བྱང་གི་བྱ་བ་ལུ་ བརྩོན་བཞིན་འདུག། ལྷ་ཁང་དེ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ སྲོལ་འཛིན་ལས་ཁུངས་ཀྱིས་པར་སྐྲུན་འབད་ཡོད་མི་ འབྲུག་གི་རྫོང་གཞིས་དང་ལྷ་ཁང་དགོན་སྡེའི་ཐོ་ཡིག་ཟེར་མི་ དཔེ་དེབ་དང་འཁྲིལ་བ་ཅིན་ ལྷ་ཁང་དེ་གི་བདག་དབང་ཧྲིལ་བུམ་ དམངས་ལུ་ཡོདཔ་སྦེ་ ཐོ་བཀོད་འབད་དེ་འདུག།
ཁྲག་སྒོམ་གཡུས་ཚན་གྱི་སྐོར།
ཁྲག་སྒོམ་གཡུས་ཚན་གྱི་ སའི་ཆགས་ཚུལ་དེ་ སྤོ་ཏོག་ཅིག་གུ་ ཐང་ཉམས་དགའ་ཏོག་ཏོ་ཅིག་ནང་ ཆགས་ཏེ་འདུག། རྒེད་འོག་བདག་སྐྱོང་ཡིག་ཚང་ནང་ཡོད་པའི་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་ ༢༠༡༩ ཅན་མ་དང་འཁྲིལ་བ་ཅིན་ གཡུས་ཚན་དེ་ནང་ལུ་ ཁྱིམ་གུང་པ་༤༣ དང་། མི་རློབས་༤༡༩ ལྷགཔ་ཅིག་ཡོད་ཁུངས་ ཐོ་བཀོད་འབད་དེ་འདུག། ངག་རྒྱུན་གྱི་ལོ་རྒྱུས་དང་འཁྲིལ་བ་ཅིན་ ས་གནས་འདི་གི་མིང་ལུ་ ཁྲག་སྒོམ་ཟེར་ སླབ་སྲོལ་གཅིག་དང་། ཕྲ་སྒོམ་ ཟེར་སླབ་སྲོལ་གཉིས་འདུག། དེ་ཡང་ ཁྲག་སྒོམ་ ཟེར་སླབ་སྲོལ་ཡོད་མི་ ར་ཁུངས་དེ། ཧེ་མ་རིག་འཛིན་དང་བྷོ་དྷི་ཟེར་མི་གཉིས་ མ་འགྲིགས་པར་ རང་སོའི་ཕྱོགས་བཟུང་སྟེ་ དམག་རྐྱབ་པའི་སྐབས་ ས་གནས་དེ་ཁར་ རྨ་བཏོན་ཁྲག་བཏོན་འབྱུང་ཡོད་ནི་འདི་གིས་ ཁྲག་སྒོམ་ཟེར་བཏགས་ཡོད་པའི་ ལོ་རྒྱུས་དང་། ལོ་རྒྱུས་གཞན་ཅིག་ལས་འབད་བ་ཅིན་ སྤོ་ཏོག་དེ་ཁ་ལུ་ ཆུ་ཨོམ་ཏོ་ཆུང་ཀུ་ཅིག་ཡོད་མི་ལས་བརྟེན་ཏེ་ ཕྲ་སྒོམ་ཟེར་བཏགས་ཡོད་པའི་ ལོ་རྒྱུས་བཤད་ནི་འདུག། ཨིན་རུང་ སྤྱི་ལོ་ ༢༠༡༩ ལོར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྩོམ་སྒྲིག་དང་ པར་སྐྲུན་འབད་ཡོད་པའི་ མིང་གནས་གསལ་བའི་འོད་ཟེར་ནང་ལུ་འབད་བ་ཅིན་ ཁྲག་སྒོམ་ ཟེར་ཐོ་བཀོད་འབད་དེ་འདུག།
ཡ་ལང་གཡུས་ཚན་གྱི་སྐོར།
ཡ་ལང་གཡུས་ཚན་དེ་ ས་གནས་མདོ་གསུམ་ལས་ ཁ་ཡར་བལྟ་སྟེ་ སྣུམ་འཁོར་ནང་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ འགོར་དོ་ཡོདཔ་ཨིན། སྣུམ་འཁོར་ལམ་ཀི་ལོ་མི་ཊར་ ༡༥ ལྷགཔ་ཅིག་འདུག། རྒེད་འོག་བདག་སྐྱོང་ཡིག་ཚང་ནང་ཡོད་པའི་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་ ༢༠༡༩ ཅན་མ་དང་འཁྲིལ་བ་ཅིན་ གཡུས་ཚན་དེ་ནང་ལུ་ ཁྱིམ་གུང་པ་ ༩༧ དང་། མི་རློབས་གྲངས་ ༦༨༣ ལྷགཔ་ཅིག་ ཡོད་ལུགས་ཐོ་བཀོད་འབད་དེ་འདུག། རྒེད་འོག་འདི་གི་འོག་ལུ་ཡོད་པའི་ གཡུས་ཚན་གཞན་ཚུ་དང་འཕྱདཔ་ད་ ཡ་ལང་གཡུས་ཚན་དེ་ ཧ་ལམ་ཡར་རྒྱས་འགྱོ་བའི་གྲངས་སུ་ཚུདཔ་ཨིན་མས། གཡུས་ཚན་དེ་གི་མིང་ ཡ་ལང་ ཟེར་བཏགས་དགོ་མི་དེ་ གཡུས་ཚན་འདི་ནང་གི་ མི་རྒན་ཤོས་ཚུ་གིས་བཤད་སྲོལ་ལྟར་དུ་འབད་བ་ཅིན་ མོང་སྒར་ཨ་བརྒྱ་གནས་མཇལ་བ་འགྱོ་སའི་ ལམ་ཁ་ལུ་ཡོད་པའི་ ཡ་རབས་གནས་ཟེར་ས་ལུ་ ཡ་བརྒྱ་གཅིག་ཡོད་མི་ལས་ ཡ་གཉིས་འཕུར་འོང་སྟེ་ གཅིག་མོང་སྒར་ཡ་དྷཱི་ལུ་ ཆགས་ཡོད་ཚུལ་དང་། གཅིག་ ས་གནས་འདི་ཁར་ ཆགས་ཡོད་མི་ལས་ རྟ་དྲངས་ཏེ་ གཡུས་ཚན་འདི་གི་མིང་ ཡ་ལང་ ཟེར་བཏགས་ཡོདཔ་སྦེ་བཤདཔ་ཨིན་པས། དེ་མ་ཚད་ སྤྱི་ལོ་ ༢༠༡༩ ལོར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྩོམ་སྒྲིག་དང་པར་སྐྲུན་འབད་ཡོད་མི་ མིང་གནས་གསལ་བའི་འོད་ཟེར་ནང་ལུ་ཡང་ ཡ་ལང་ཟེར་ར་ ཐོ་བཀོད་འབད་དེ་འདུག།
རྒོད་དཀར་དགོན་པ་བཀྲ་ཤིས་མཐོང་རྒྱ་གླིང་ཆགས་རབས།
རྒོད་དཀར་དགོན་པ་བཀྲ་ཤིས་མཐོང་རྒྱ་གླིང་དེ་ ས་ཆ་ག་ནི་བ་མཐོང་གསལ་ཆེ་བའི་ སྤོ་ཏོ་ཅིག་གུ་བཞེངས་ཏེ་འདུག །བླ་མ་དྭགས་ཀོང་གི་བརྒྱུད་འཛིན་ཨིན་མི་ མཚམས་པ་བློ་གསལ་རྒྱ་མཚོའམ་ བསོད་ནམས་རྡོ་རྗེ་གིས་ མི་རབས་ཀྱི་ངག་རྒྱུན་བཤད་པའི་ནང་གསལ། ད་རེས་གཙུག་ལག་ཁང་བཞེངས་ཏེ་ཡོད་པའི་ས་ཁོངས་དེ་ དང་ཕུ་སྤང་ཉམས་དགའ་ཏོག་ཏོ་ཡོད་ནི་འདི་གིས་ འཕྲལ་འཕྲལ་རང་ བྱ་རྒོད་ཚུ་འཕུར་འོངས་ཞིན་ན་ ཆགས་ཏེ་སྡོད་དོ་ཡོད་པའི་ ལོ་རྒྱུས་བཤད་ནི་ཡོད་ཟེར་ཨིན་པས། སྤོ་ཏོ་འདི་གི་ནང་ན་མཚོ་ཆགས་ཏེ་ཡོད་པའི་སྒྲུབ་བྱེད་ཡང་ ཕྱོགས་བཞི་ལས་ཆུ་བཞི་ཐོན་ནི་ཡོད་མི་ཚུ་ཡང་ སྒོམ་འདུས་རི་དང་ ཆུ་གི་བུ་ ག་ཤ་རི་ བེམ་རི་ཚུ་ཨིན་རུང་ ད་རེས་ག་ཤ་རི་བསྐམས་ཏེ་མེད་ཟེར་ཨིན་པས། རམ་འཇར་བླམ་བསྟན་འཛིན་ཀུན་ལེགས་བཞུགས་སའི་ མཚམས་ཁང་གི་གསོལ་ཆུ་ བེམ་རི་ཟེར་མི་དེ་ཨིན་ཁུངས་བཤད་ནི་འདུག། གཏེར་སྟོན་པདྨ་གླིང་པ་མཆོག་ ད་རེས་རྟ་དབང་གི་མངའ་ཁོངས་ཨིན་པའི་ མོན་གྱི་ས་གནས་ཅིག་ནང་བྱོན་སྦེ་ རྟ་མགྲིན་གྱི་དབང་གནང་པའི་བསྒང་ པད་གླིང་གི་ཆོས་བརྒྱུད་དར་ནིའི་རྟེན་འབྲེལ་ལུ་ ཆོས་སྲུང་གིས་བྱ་རྒོད་དཀརཔོ་ཕོ་མོ་གཉིས་ལུ་སྤྲུལ་ཏེ་ འཕུར་འོངས་ཞིན་ན་ ས་གནས་འདི་ཁར་རྡོ་ཕུ་གཉིས་གུ་ཆགས་ཏེ་ཐིམ་པའི་ རྐང་རྗེས་དང་བཅས་པ་ཡོད་ཟེར་བཤད་རུང་ ད་རེས་རྡོ་ཕུ་འདི་ཨིན་ཟེར་ངོས་འཛིན་ འབད་ཚུགས་མི་ག་ཡང་མིན་འདུག་ཟེར བཤདཔ་ཨིན་པས། བླམ་དྭགས་ཀོང་ ནང་པའི་ཤེས་ཡོན་སྦྱངས་བརྩོན་འབད་བར་ སྨིན་གྲོལ་གླིང་ལུ་བྱོན་སྦེ་ ཤེས་ཡོན་སྦྱངས་ཏེ་མཁས་ཐག་ཆོད་དེ་ ལོག་བྱོན་ནུག་ཟེར་ཨིན་པས། ལུང་བསྟན་དུས་ལུབབས་ཏེ་ དུས་རབས་ ༡༩ པའི་ནང་ བླམ་དྭགས་ཀོང་གིས་ ལྷ་ཁང་བཞེངས་པའི་སྐབས་ ཉིནམ་རེ་ཆད་མེད་པར་ བྱ་རྒོད་བཞི་འོངས་སྦེ་ ལྷ་ཁང་མ་བསྒྲུབས་ཚུན་ ལྡིང་བསྐོར་རྐྱབ་སྡོད་པའི་ལོ་རྒྱུས་བཤད་སྲོལ་ཡོད་ཟེར་ཨིན་པས། ལྷ་ཁང་བསྒྲུབས་པའི་ཤུལ་ལས་ བླམ་དྭགས་ཀོང་ཁོ་ར་སྨིན་གྲོལ་གླིང་ལུ་བྱོན་སྦེ་ བླ་ཆེན་ཅིག་ལུ་ལྷ་ཁང་གི་མཚན་བཏགས་གནང་ནིའི་དོན་ལུ་ ས་ཆའི་བཀོད་པ་ལ་སོགས་པ་ལོ་རྒྱུས་ཁ་གསལ་ཞུས་པའི་འཕྲོ་ལས་ བླམ་གིས་ རྒོད་དཀར་བཀྲ་ཤིས་མཐོང་རྒྱ་གླིང་ཟེར་ བཏགས་གནང་ཡོད་ཚུལ་གྱི་ར་ཁུངས་བཤད་ནི་འདུག་ཟེར་ཨིན་པས། མི་མང་ཆེ་ཤོས་ཅིག་གིས་ བོད་དཀར་དགོན་པ་དང་ རྒོད་དཀར་དགོན་པ་གཉིས་ གཅིག་ཨིན་ཟེར་མནོ་བསམ་བཏངམ་ཨིན་པས། དགོན་པ་འདི་གཉིས་ ཆགས་གནས་རང་སོ་སོར་ཨིན་ཁུངས་བཤད་ནི་འདུག །རྒོད་དཀར་དགོན་པ་བཀྲ་ཤིས་མཐོང་རྒྱ་གླིང་ལྷ་ཁང་དེ་ བླམ་དྭགས་ཀོང་མི་རབས་ཀྱི་སྒེར་དབང་གི་ལྷ་ཁང་ཨིན་རུང་ བར་སྐབས་ཅིག་ལས་ མི་སེར་དམངས་ཀྱི་བདག་དབང་སྦེ་ རྩིས་སྤྲོད་འབད་ཡོད་པའི་ལོ་རྒྱུས་བཤད་ནི་འདུག། རྒོད་དཀར་དགོན་པ་བཀྲ་ཤིས་མཐོང་རྒྱ་གླིང་དེ་ མི་སེར་དམངས་ཀྱིས་ རྫོང་སར་མཁྱེན་བརྩེ་སྐུ་ཕྲེང་གསུམ་པ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་མཆོག་ལུ་ཕུལ་ཡོདཔ་བཞིན་དུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ བསྟན་འགྲོའི་ཕན་ཐབས་ལུ་དགོངས་ཏེ་ ད་རེས་ནངས་པ་ དགེ་སློང་ཞལ་གྲངས་ ༣༠ ལྷགཔ་ཅིག་དང་ མཁན་སློབ་གཉིས་ཡོད་ཟེར་ཨིན་པས། དགོན་པ་དེ་ནང་ ནང་རྟེན་གཙོ་བོ་ ཆོས་ལོངས་སྤྲུལ་གསུམ་དང་། གུ་རུ་མཚན་བརྒྱད། དེ་ལས་ས་ཡི་སྙིང་པོ་དང་། ཡན་ལག་བདུན་པ། ཞབས་དྲུང་རིན་པོ་ཆེའི་སྐུ་འདྲ་ཚུ་མཇལ་ནི་ཡོདཔ་མ་ཚད། གནས་བརྟན་བཅུ་དྲུག་གི་ལྡེབས་རིས་ཚུ་ཡང་ མཇལ་ནི་འདུག། ལྷ་ཁང་འདི་ནང་ ལོ་ལྟར་བཞིན་དུ་ རང་ཟླ་དང་པའི་ནང་ པད་གླིང་སྒྲུབ་ཆེན། རང་ཟླ་ལྔ་པའི་ནང་ སྤྲེལ་ཟླའི་ཚེས་བཅུ། རང་ཟླ་དྲུག་པའི་ནང་ ཆོས་འབུམ་ལྷག་སྟེ་ དམངས་ཀྱི་སྐུ་རིམ་གཏོར་ཟློག་དང་ཆོས་སྐོར། རང་ཟླ་དགུ་པའི་ནང་ ལྷ་བབ་དུས་ཆེན་ཚེས་བཅུ། རང་ཟླ་བཅུ་པའི་ནང་ གསོལ་འདེབས་ཚེས་བཅུ་ཉིན་གྲངས་གསུམ་དང་། སྨྱུང་གནས་དཀརཔོ་ཆ་གསུམ་བརྩི་སྲུང་ཞུ་སྲོལ་འདུག། ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ སྲོལ་འཛིན་ལས་ཁུངས་ཀྱིས་པར་སྐྲུན་འབད་ཡོད་མི་ འབྲུག་གི་རྫོང་གཞིས་དང་ལྷ་ཁང་དགོན་སྡེའི་ཐོ་ཡིག་ཟེར་མི་ དཔེ་དེབ་དང་འཁྲིལ་བ་ཅིན་ རྒོད་དཀར་བཀྲ་ཤིས་མཐོང་རྒྱ་གླིང་དགོན་པ་དེ་ བདག་དབང་ཧྲིལ་བུམ་ མི་སེར་དམངས་ལུ་ཡོདཔ་འབད་ ཐོ་བཀོད་འབད་དེ་འདུག།
ཕུ་ཡངས་གཡུས་ཚན་གྱི་སྐོར།
ཕུ་ཡངས་གཡུས་ཚན་དེ་ ས་གནས་མདོ་གསུམ་ལས་ སྣུམ་འཁོར་ནང་ དུས་ཡུན་ཆུ་ཚོད་ཕྱེད་དེ་ཅིག་ འགོར་དོ་ཡོདཔ་ཨིན། སྣུམ་འཁོར་ལམ་ཀི་ལོ་མི་ཊར་ ༡༠ དེ་ཅིག་འདུག། རྒེད་འོག་བདག་སྐྱོང་ཡིག་ཚང་ནང་ཡོད་པའི་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་ ༢༠༡༩ ཅན་མ་དང་འཁྲིལ་བ་ཅིན་ གཡུས་ཚན་དེ་ནང་ལུ་ ཁྱིམ་གུང་པ་ ༥༦ དང་། མི་རློབས་གྲངས་ ༤༣༥ ལྷགཔ་ཅིག་ ཡོད་ལུགས་ཐོ་བཀོད་འབད་དེ་འདུག།
ཕུ་ཡངས་ལྕང་ལོ་ཅན་ཕོ་བྲང་གི་ལོ་རྒྱུས།
གཡུས་ཚན་དེ་ནང་ཡོད་པའི་ ལྕང་ལོ་ཅན་ཕོ་བྲང་དེ་ སྤྱི་ལོ་ ༢༠༠༧ ལུ་ སའི་ཇོ་བདག་གཡུས་ཚན་འདི་ནང་ལས་ཨིན་མི་ མདོ་གསུམ་ཚོགས་པ་ཨམ་བསོད་ནམས་རྒྱལ་མོ་གིས་ ས་ཆ་ཕུལཝ་བཞིན་དུ་ སྦྱིན་བདག་རྡོ་རྗེ་དབང་འདུས་བཟའ་ཚང་ཚུ་གིས་ འགོ་འདྲེན་འཐབ་ཐོག་ མི་སེར་དམངས་ཀྱིས་ བཞེངས་ཡོད་ལུགས་བཤད་ནི་འདུག། ལྷ་ཁང་གི་སྒྲུབ་དེ་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ ཐུབ་བསྟན་ཆོས་ཀྱི་རྒྱལ་མཚོ་མཆོག་གིས་མཛད་གནང་ཡོད་ལུགས་བཤད་ནི་འདུག། ལྷ་ཁང་དེ་ནང་བཞུགས་ཡོད་པའི་ བྱིན་ཅན་གྱི་ནང་རྟེན་ཚུ་ཡང་ རྒྱལ་ཚབ་བྱམས་པ་མགོན་པོ། གུ་རུ་སྣང་སྲིད་ཟིལ་གནོན། རྗེ་བཙུན་སྒྲོལ་མ་བཅས་དང་། གཏེར་གསར་གྱི་ལྷ་ཚོགས་ཚུ་བཞུགས་ཏེ་འདུག། ད་རེས་ མི་སེར་ཚུ་གིས་ ལྷ་ཁང་དེ་ནང་ ཚོགས་བསགས་སྒྲིབ་བྱང་གི་དོན་ལུ་ ཆོས་འབུམ་དག་ཚར་དང་། སྨྱུང་གནས་དཀརཔོ་ཆ་གཅིག། དེ་ལས་ཟླ་རིམ་བཞིན་དུ་ བཛྲ་གུ་རུ་ཚུ་བགྱངས་ཏེ་ ཚོགས་བསགས་སྒྲིབ་བྱང་གི་བྱ་བ་ལུ་ བརྩོན་བཞིན་འདུག། ལྷ་ཁང་དེ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ སྲོལ་འཛིན་ལས་ཁུངས་ཀྱིས་པར་སྐྲུན་འབད་ཡོད་མི་ འབྲུག་གི་རྫོང་གཞིས་དང་ལྷ་ཁང་དགོན་སྡེའི་ཐོ་ཡིག་ཟེར་མི་ དཔེ་དེབ་དང་འཁྲིལ་བ་ཅིན་ མི་སེར་དམངས་ཀྱི་ཨིན་ཁུངས་བཀོད་དེ་འདུག།