དཔལ་ལྡན་འབྲུག་པའི་ རྒྱལ་ཁམས་ཀྱི་མངའ་ཁོངས་སུ་ཡོད་པའི་ ལས་རིམ་དང་ དུས་སྟོན་ བརྩི་སྲུང་གི་སྐོར།
དཔལ་ལྡན་འབྲུག་པའི་ རྒྱལ་ཁམས་ཀྱི་མངའ་ཁོངས་སུ་ཡོད་པའི་ ལས་རིམ་དང་ དུས་སྟོན་ བརྩི་སྲུང་གི་སྐོར།
སྐྱེང་འཆམ་གྱི་ལོ་རྒྱུས་ བཅུད་བསྡུས།
༉ འབྲུག་རྒྱལ་ཁབ་ཀྱི་ ལུང་ཕྱོགས་ཁག་སོ་སོ་ཚུ་ནང་ ཆོས་ཕྱོགས་དང་ལམ་སྲོལ། ལྷ་གསོལ་དང་བོན་སྲོལ་ལ་སོགས་པའི་ དུས་སྟོན་ལེ་ཤ་བརྩི་སྲུང་ ཞུ་སྲོལ་ཡོད་དོ་བཟུམ་སྦེ་ བཀྲ་ཤིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་ མེ་ལོང་མཁར་གཡུས་ཚན་ནང་ལུ་ཡང་ ཟླཝ་དྲུག་པའི་སྐྱེངས་ཟེར་ སྒྱེན་མོ་འབད་ འཆམ་རྐྱབ་ནི་གི་ལས་རིམ་ཅིག་ འགོ་འདྲེན་འཐབ་སྲོལ་འདུག། ལས་རིམ་དེ་ ལོ་བསྟར་བཞིན་དུ་ རང་ཟླ་༦ པའི་ཚེས་༩ ལས་༡༡ ཚུན་ ཉིན་གྲངས་༣ གི་རིང་ འགོ་འདྲེན་འཐབ་སྲོལ་ཡོདཔ་དང་། འཆམ་དེ་འབད་བ་ཅིན་ ཚེས་༩ གི་ཕྱི་རུ་རྐྱབ་ཨིན་པས། ལས་རིམ་འདི་གི་སྐོར་ལས་ རྒན་ཤོས་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མི་དང་མི་མ་ཡིན་པའི་ སེམས་ཅན་ཚུ་གིས་བཏང་མི་ ཕྱི་ནང་གསང་གསུམ་གྱི་བྱད་ཁ་ཕུར་ཁ་དང་ མཚན་ལྟས་ངན་པ་ཚུ་བཟློག་ནི་དང་ ལྷག་པར་དུ་ གཡུས་དེ་ནང་གི་མི་སེར་ཚུ་གི་ ཚེ་སྲོག་དབང་ཐང་རླུང་རྟ་ཚུ་ དར་ཤིང་རྒྱས་ཏེ་ བསམ་པའི་དོན་ཐམས་ཅད་ ཡིད་བཞིན་དུ་འགྲུབ་ནི་གི་དོན་ལུ་ འགོ་འདྲེན་འཐབ་ཨིན་ཟེར་བཤདཔ་ཨིན་པས།
ཨར་པོ་འཆམ་གྱི་ལོ་རྒྱུས་ བཅུད་བསྡུས།
འཆམ་དཔོན།
འཆམ་པ།
ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ སྔོན་དང་ཕུག་ལས་དར་ཏེ་ཡོད་པའི་ ནང་གི་ནོར་བུ་དང་འདྲ་བའི་ རྒྱལ་ཁབ་རང་བཙན་གྱི་ངོ་རྟགས་ ལམ་སྲོལ་མ་འདྲཝ་ལེ་ཤ་ཡོད་རུང་། ད་རེས་ནངས་པའི་དུས་ལུ་ འདི་ཚུ་ག་ར་ རིམ་པ་བཞིན་དུ་ མར་ཉམས་འགྱོ་བའི་ དུས་ཚོད་ཁར་ལྷོད་དེ་འདུག། དེ་འབདཝ་ལས་ ཉམས་ཉེན་ཆེ་བའི་ ལམ་སྲོལ་ལེ་ཤ་ཡོད་པའི་ནང་ལས་ གཅིགཔོ་འདི་ བཀྲ་ཤིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེ་འོག་ ཆེ་མ་མེ་ལོང་མཁར་སྤྱི་འོག་ནང་ལུ་ དར་ཡོད་པའི་ ཨར་པོ་འཆམ་ ཟེར་མི་འདི་ཨིན་པས། དེ་ཡང་ ཧེ་མ་འབད་བ་ཅིན་ འཆམ་འདི་ ཟླཝ་བརྒྱད་པ་དང་དགུ་པའི་ནང་ གཡུས་སྒོ་འདི་ནང་ལུ་ རྒྱལ་བའི་གསུངས་རབ་ འབུམ་དང་བཀའ་འགྱུར་ཚུ་ ལྷག་ཚར་བའི་རྗེས་སུ་ ཆོས་འབུམ་དང་བཀའ་འགྱུར་ཚུ་ ཞུ་འབག་སྟེ་ ཆོས་སྐོར་རྐྱབ་པའི་སྐབས་ལུ་ མི་བཅུ་གཉིས་དང་བཅུ་དྲུག་སྦེ་ འཆམ་འདི་རྐྱབ་སྟེ་ མཇལ་ཁ་གནང་སྲོལ་འདུག།
ཞིབ་འཚོལ་དང་རྩོམ་སྒྲིག་འབད་མི། ཕྲིན་ལས་རྒྱལ་མཚན།
ཞིབ་འཚོལ་མཉམ་འབྲེལ་བ། བསྟན་འཛིན་ནོར་བུ།
ཆོས་སྐོར་གྱི་ལོ་རྒྱུས།
མེ་ལོང་མཁར་ གཡུས་ཚན་ནང་ ལོ་བསྟར་བཞིན་དུ་ རང་ཟླ་དང་པ། བདུན་པ། དགུ་པ་ཚུ་ནང་ ཆོས་འབུམ་དག་ཚར་ཉིནམ་གཉིས་རེ་ལྷག་ཞིན་ན་ ཉིནམ་གསུམ་པའི་སྐབས་ ཆོས་འབུམ་གདན་ཞུས་ཏེ་ གཡུས་ཚན་གླིང་སྐོར་རྐྱབ་སྲོལ་འདུག། ལོ་རྒྱུས་ཚུ་དང་འཁྲིལཝ་ད་ དེ་སྦེ་ ཆོས་འབུམ་གདན་ཞུ་དགོ་མི་དེ་ ལོ་ཐོག་ཚུ་ལུ་དགོ་པའི་ ཆར་ཆུ་ཚུ་ དུས་ཚོད་ཁར་འབབ་ནི་དང་། ནད་ཡབམ་མུ་གེ་ཚུ་ ཞི་ནི་གི་ཐབས་ལམ་ བཟང་ཤོས་ཅིག་ཨིན་ཟེར་ གསུང་སྟེ་འདུག།