དོན་ཚན། དར་ཤིང་གི་སྐོར།
ངོ་སྤྲོད།
༉ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ ནང་པ་སངས་རྒྱས་པའི་ ཆོས་ཀྱི་བསྟན་པ་དར་བའི་ རྒྱལ་ཁབ་ཅིག་ འབད་ནི་འདི་གིས་ འདི་ནང་སྡོད་མི་ མི་ཚུ་ཡང་ ཆོས་དང་མཐུན་པའི་ ལཱ་འབད་ནི་ལུ་ སྤྲོ་བ་ཡོད་མི་ཙང་ཙ་ཨིན། དགེ་བའི་ལཱ་ཚུ་གི་གྲལ་ལས་ མི་མང་ཤོས་ཅིག་གིས་ ཡོངས་གྲགས་སྦེ་འབད་མི་ གཅིགཔོ་དེ་ མཐོ་བའི་གངས་རི་ཚུ་དང་། རླུང་མ་གཙང་ས། ས་གཙང་ཏོག་ཏོ་དང་། ལྷ་ཁང་དགོན་སྡེ། དེ་ལས་ རྫོང་གཞི་ཁག་ཚུ་ནང་ དར་འཕྱར་ནི་འདི་ཨིན་པས།
སྤྱིར་བཏང་ དར་འཕྱར་ནིའི་ལཱ་དེ་ བསོད་ནམས་བསགས་པའི་ གཞི་ཅིག་ཨིན་རུང་ ཚུལ་མཐུན་ལག་ལེན་ འཐབ་མ་ཤེས་པ་ཅིན་ སྡིག་པའི་ལཱ་ལུ་ འགྱུར་ནི་དང་། བསོད་ནམས་ཟད་པའི་རྒྱུ་ཡང་ཨིན་པས། དེ་འབད་ནི་འདི་གིས་ དར་འཕྱར་དགོ་པའི་ ཁུངས་དོན་དང་། དབྱེ་བ། དེ་ལས་ཕན་ཡོན་དང་། སྤང་དགོཔ་ཚུ་གི་སྐོར་ལས་ མཁས་པ་ཚུ་གིས་བྲི་མི་ ཡིག་ཆ་ཚུ་ལུ་ གཞི་བཞག་སྟེ་ ཐུང་ཀུ་ཅིག་ འབྲི་ནི་ཨིན།
དང་པ། དར་འཕྱར་དགོ་པའི་ཁུངས་དོན།
དར་འཕྱར་དགོ་པའི་ ཁུངས་དོད་གཙོ་བོ་ང་ སྤྱིར་ཁམས་གསུམ་འཁོར་བ་འདི་ནང་ཡོད་པའི་ སེམས་ཅན་ཚུ་ ཐར་པ་སངས་རྒྱས་ཀྱི་གོ་འཕང་ལུ་ འདྲེན་ནིའི་དོན་ལུ་དང་། ལྷག་པར་དུ་ མི་རང་རང་སོ་སོའི་ ཚེ་དང་བསོད་ནམས། དབང་ཐང་དང་རླུང་རྟ་ཚུ་རྒྱས་ཏེ་ ཚེ་འདིའི་བར་ཆད་སེལ་ནི་དང་། ཕྱི་མ་དག་པའི་ཞིང་ཁམས་ལུ་ སྐྱེས་ཚུགསཔ་ བཟོ་ནིའི་དོན་ལུ་ཨིན་པས།
དར་ལུ་ དབྱེ་བ།
སྤྱིར་བཏང་ དར་ལུ་དབྱེ་བ་ལེ་ཤ་ཡོད་རུང་ ཚུར་བསྡུ་བ་ཅིན་ ལྷ་དར་དང་ཆོས་སྲུང་གི་དར། གསོན་པོ་དང་གཤིན་པོའི་དར་ཟེར་ དབྱེ་བ་བཞི་ཡོད་མི་དེ་ཡང་།
1. ལྷ་དར་འདི་ མང་ཤོས་ཅིག་ རྫོང་གཞི་དང་ ལྷ་ཁང་གི་གདོང་ཁར་ འཕྱར་སྲོལ་ཡོདཔ་ཨིན། དེ་ཡང་ འབྲུག་གི་དངོས་མེད་ལམ་སྲོལ། (གནམ་ལོ་མེད། སྤྱི་ལོ་ ༢༠༡༥ ཤོག་གྲངས་ ༡༢༩) གིས་འབད་བ་ཅིན་ ལྷ་དར་གྱི་སྤྱི་ཏོ་གུ་ རྒྱལ་མཚན་གྱི་ཏོག་འོང་དགོཔ་དང་། དར་གུ་ཡང་ སྟག་ སེང་ འཁྱུང་ འབྲུག་གི་པར་ཚུ་ འོང་དགོ་ཟེར་ བཀོད་དེ་འདུག།
ལྷ་དར་དེ་ རྫོང་གཞི་དང་ ལྷ་ཁང་ཚུ་གི་སྦོ་ལོགས་ཁར་ འཕྱར་དགོ་མི་དེ་ཡང་། འབྲུག་གི་དངོས་མེད་ལམ་སྲོལ། (གནམ་ལོ་མེད། སྤྱི་ལོ་ ༢༠༡༥ ཤོག་གྲངས་ ༡༢༩) གིས་འབད་བ་ཅིན་ དེའི་ནང་ན་ རྒྱལ་བའི་གསུང་རབས་ བཀའ་འགྱུར་དང་བསྟན་འགྱུར་ཚུ་ བཞུགས་ཡོད་པའི་ བརྡ་ཚོན་ཨིན་ཟེར་ བཀོད་དེ་འདུག།
ཨིན་རུང་ དཔེ་དེབ་དེ་ནང་ རྫོང་གཞི་དང་ ལྷ་ཁང་ག་ཏེ་ར་ཨིན་རུང་ དེ་གུ་ སེར་ཏོག་ཡོད་པ་ཅིན་ དེའི་རྩ་བར་ཡོད་པའི་ ལྷ་དར་གུ་ རྒྱལ་མཚན་གྱི་ཏོག་འཐོབ་ཟེར་ བཀོད་དེ་ཡོད་རུང་ ལྷ་ཁང་གུ་སེར་ཏོག་མེད་པ་ཅིན་ ལྷ་དར་དེ་ ག་དེ་སྦེ་འཕྱར་དགོཔ་ཨིན་ན་ ཁ་གསལ་བཀོད་དེ་མིན་འདུག། དེ་འབདཝ་ལས་ མཐའ་དཔྱད་ཞུན་དག་པ་ཚུ་གིས་ དབྱེ་ཞིབ་མཛད་གནང་ཐུབ་ཞུ།
2. ཆོས་སྲུང་གྱི་དར་ཟེར་མི་འདི་ རང་སྡོད་སའི་ཁྱིམ་ཐོག་གུར་འཕྱར་མི་ དར་གྱི་རིགས་ཅིག་ལུ་ སླབ་ཨིན་པས། ཆོས་སྲུང་གི་དར་འདི་ གཙོ་བོ་ རང་གི་ཕ་དང་མ་གིས་བསྟེན་པའི་ ལྷ་དང་སྲུང་མ་ཚུ་ལུ་ གུས་པའི་རྟགས་ཚན་ལུ་སྦེ་ འཕྱརཝ་ཨིན་པས། ཆོས་སྲུང་གི་དར་འདི་ ང་བཅས་བཀྲ་ཤིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་ མེ་ལོང་མཁར་གཡུས་ཚན་ བཟུམ་ཅིག་ནང་ཨིན་པ་ཅིན་ གནམ་དགུན་ལོ་མཆོད་དང་འབྲེལ་ ཆོས་སྲུང་གསོལ་བའི་སྐབས་ དགུང་ལ་ཕན་ཟེར་སླབ་སྟེ་ འཕྱར་ནི་ཡོད།
དེ་བསྒང་ ཤིང་མགུ་ཏོ་ཡོད་མི་ ཕྲང་ཏང་ཏ་ཅིག་ བཅད་འབག་འོངམ་ཞིན་ན་ ཞལ་ལག་ཚུ་ ལེགས་ཤོམ་སྦེ་སེལ། མགུ་ཏོ་ཨ་ཙི་ཅིག་བཞག་ཞིན་ན་ འདི་གུར་ སྔགས་དང་པར་གྱི་རིགས་ ག་ཅི་ཡང་མེད་པའི་ དར་དཀརཔོ་ཅིག་དཔྱངས། དེ་ལས་ ཆོས་སྲུང་གི་དོན་ལུ་ བཙོ་སྟེ་ཡོད་པའི་ ཆང་སྐྱེ་དེ་ ཁ་འཕྱེ་ཞིན་ན་ དར་ཤིང་བཙུགས། གཟར་རུ་གིས་ ཆང་སྐྱེས་ཀྱི་ཕུད་གཏོར། ཁ་ལས་ ལྷ་རྒྱལ་ལོ་ཟེར་ ཚར་གསུམ་སླབ་སྲོལ་ཡོད། སྤྱིར་བཏང་གནད་དོན་ ཧ་ལམ་བཅུད་བསྡུ་སྟེ་བལྟཝ་ད་ འབྲུག་གི་དངོས་མེད་ལམ་སྲོལ། (གནམ་ལོ་མེད། སྤྱི་ལོ་ ༢༠༡༥ ཤོག་གྲངས་ ༡༢༩) ནང་ལུ་བཀོད་ཡོད་མི་ དར་ཅུང་ཟེར་མི་ དོན་ཚན་དང་ཆ་འདྲཝ་ལས་ ཆོས་སྲུང་གི་དར་ལུ་ མིང་གཞན་དར་ཅུང་ཟེར་ཡང་ སླབ་དོ་ཡོདཔ་འོང་ནི་ཨིན་པས།
3. གསོན་པོའི་དར་ཟེར་མི་འདི་ མི་རང་རང་སོ་སོའི་ ཚེ་དང་བསོད་ནམས། དབང་ཐང་དང་རླུང་རྟ་ཚུ་ རྒྱས་ནི་གི་དོན་ལུ་ འཕྱར་མི་དར་གྱི་རིགས་ལུ་ སླབ་ཨིན་པས། གསོན་པོའི་དར་ལུ་ འཕྱར་ཐངས་མ་འདྲཝ་ལེ་ཤ་ཡོད་རུང་ ཡོངས་གྲགས་ལུ་ དྲྭ་དུམ་སྣ་ལྔ་སྦེ་བཟོ་ཞིན་ན་ ཕར་དང་ཚུར་དཔྱངས་ཏེ་ འཕྱར་སྲོལ་གཅིག་དང་། གཡུག་གཅིགམོ་ སྣ་ཁག་གཅིག་སྦེ་ ཡར་དང་མར་ ཤིང་གུ་འདབ་སྟེ་ འཕྱར་སྲོལ་ དབྱེ་ཁག་གཉིས་དེ་ཅིག་ མཐོང་ཚུགས་པས། ཨིན་རུང་ གཙོ་བོ་ གོང་ལུ་བཀོད་དོ་བཟུམ་སྦེ་ མི་རང་རང་སོ་སོའི་ ཚེ་དང་བསོད་ནམས། དབང་ཐང་དང་རླུང་རྟ་ཚུ་ རྒྱས་ནི་གི་དོན་ལུ་ འབད་ནི་འདི་གིས་ གསོན་པོའི་དར་འཕྱར་བའི་སྐབས་ལུ་ རླུང་རྟའི་ཚིག་དང་ རླུང་རྟ་གི་པར། ཚེ་དཔག་མེད་ཀྱི་སྔགས་དང་ ཚེ་དཔག་མེད་ཀྱི་པར། དེ་ལས་ རྒྱལ་མཚན་རྩེ་མོ་དཔུང་རྒྱན་ཚུ་ འོང་དགོཔ་ཨིན་པས།
མི་ཚེ་དོན་ལྡན་བཟོ་ཐབས་ཀྱི་ལམ་སྟོན། (གནམ་ལོ་མེད། སྤྱི་ལོ་ ༢༠༡༨ ཤོག་གྲངས་ ༡༢༣) གྱིས་འབད་བ་ཅིན་ སྤྱིར་བཏང་རླུང་དར་འཕྱར་བའི་སྐབས་ རང་གི་ལོ་ཁམས་དང་བསྟུན་པའི་ ཁ་མདོག་ཚུ་བལྟ་སྟེ་ འཕྱར་དགོཔ་ཨིན་རུང་། ཁ་མདོག་སྣ་ལྔ་མེད་རུང་ཡང་ འཕྱར་བཏུབ་ཟེར་ བཀོད་དེ་འདུག། ཨིན་རུང་ ཁ་མདོག་སྣ་ལྔ་སྦེ་ འཕྱར་མི་ཚུ་གི་དོན་ལུ་ ཨིན་པ་ཅིན། ཚོས་གཞི་དཀརཔོ་དེ་ ལྕགས་ཁམས། ཚོས་གཞི་སེརཔོ་དེ་ སའི་ཁམས། ཚོས་གཞི་དམརཔོ་དེ་ མེ་ཁམས། ཚོས་གཞི་ལྗང་ཁུ་དེ་ ཤིང་ཁམས། ཚོས་གཞི་ཧོནམ་དེ་ ཆུའི་ཁམས་སྦེ་ བརྩིཝ་ཨིན་པས།
4. གཤིན་པོའི་དར་ཟེར་མི་འདི་ མི་ཤི་མི་ཚུ་གི་དོན་ལུ་ འཕྱར་མི་དར་གྱི་རིགས་ལུ་ སླབ་ཨིན་པས། མི་གཤིན་པོ་ཚུ་གི་དོན་ལུ་ཨིན་པ་ཅིན་ དར་རས་དཀརཔོ་སྦེ་ འོང་དགོཔ་མ་ཚད། འདི་ནང་ལུ་ མ་ཎི་དང་། ཡིག་བརྒྱ། མི་འཁྲུགས་པ་ལ་སོགས་པའི་ གཟུངས་སྔགས་ཚུ་ པར་བཏབ་སྟེ་ འཕྱར་དགོཔ་ཨིན་པས། གཤིན་པོ་ཚུ་གི་དོན་ལུ་ མ་ཎི་དང་། ཡིག་བརྒྱ། མི་འཁྲུགས་པའི་ གཟུངས་སྔགས་ཚུ་འོང་དགོ་པའི་ ར་ཁུངས་དེ་ཡང་ ངན་སོང་གསུམ་གྱི་སྡུག་བསྔལ་ལས་ འགྲོལ་ནིའི་དོན་ལུ་ ཕན་སྦོམ་ཡོདཔ་ཨིན་པས།
རལ་གྲི་དང་འཁོར་ལོའི་སྐོར།
ང་བཅས་ར་ཚུ་གིས་ སྤྱིར་བཏང་ དར་ཤིང་འཕྱར་བའི་སྐབས་ དར་ཤིང་གི་མགུ་ཏོ་ཁར་ བཀལ་ནིའི་དོན་ལུ་ རལ་གྲི་དང་འཁོར་ལོ་ཟེར་ བཟོ་སྲོལ་ཡོད། རལ་གྲི་དེ་བཟོ་བའི་སྐབས་ དང་པ་ར་ པདྨ་བཟོ། དེའི་གུ་ཟླཝ་བཟོ། དེའི་གུ་ཉི་མ་བཟོ། དེའི་གུ་རལ་གྲི་བཟོ་དགོཔ་ཨིན་པས། དེའི་བཟོ་དགོ་པའི་ ར་ཁུངས་དེ་ཡང་། དཔལ་ལྡན་འབྲུག་པའི་ལུགས་ལས་འབྱུང་བའི་ དར་ཤིང་རལ་གྲི་སོགས་ཀྱི་བཤད་པ་ ཀཱ་མ་དྷེ་ནུ་ཞེས་བྱ་བ། (གནམ་ལོ་མེད། སྤྱི་ལོ་ ༢༠༡༨ ཤོག་གྲངས་ ༦) པ་ནང་ལུ།
དེ་འབད་ནི་འདི་གིས་ ང་བཅས་ར་ཚུ་གིས་ རལ་གྲི་གུ་ཚོན་བཏང་པའི་སྐབས་ལུ་ཡང་ གོང་གི་མཚོན་བྱ་དང་འཁྲིལ་ཏེ་ བཏང་དགོཔ་ཨིན་པས། དེ་བཟུམ་སྦེ་ འཁོར་ལོ་ལུ་ཡང་ སྟེང་ཟླ་བའི་གདན། བར་ཉི་མའི་གདན། འོག་པད་གདན་ཟེར་བརྩི་ཚུལ་ཚུ་ དཔལ་ལྡན་འབྲུག་པའི་ ལུགས་ལས་འབྱུང་བའི་ དར་ཤིང་རལ་གྲི་སོགས་ཀྱི་བཤད་པ་ཀཱ་མ་དྷེ་ནུ་ཞེས་བྱ་བ། (གནམ་ལོ་མེད། སྤྱི་ལོ་ ༢༠༡༨ ཤོག་གྲངས་ ༢) པ་ནང་ལུ་ པར་རིས་དང་སྦྲགས་ཏེ་ བཀོད་དེ་འདུག།
དར་ཤིང་གི་དོན་ལུ་ ཤིང་དེ་འབད་བ་ཅིན་ འབྲུག་གི་དངོས་མེད་ལམ་སྲོལ། (གནམ་ལོ་མེད། སྤྱི་ལོ་ ༢༠༡༥ ཤོག་གྲངས་ ༡༢༩) གིས་འབད་བ་ཅིན་ ལྷ་ཤིང་གི་རིགས་དང་། ཤིང་གཞོནམ། རིངམོ་དང་ཕྲང་ཏང་ཏ་དགོ་ཚུ་དགོ་ཟེར་བཀོད་དེ་ཡོད་རུང་། ད་རེས་ནངས་པ་ ཤིང་འདི་བཟུམ་འཐོབ་ནི་ལུ་ ལཱ་ཁག་ཡོདཔ་ལས་ འོས་འབབས་དང་འཁྲིལ་ཏེ་ ལག་ལེན་འཐབ་པ་ལུ་ མ་བཏུབ་མིན་འདུག། ཨིན་རུང་ ཤིང་འདི་ཚུ་ པགས་ཀོ་ལེགས་ཤོམ་འབད་བཤུབ་ཞིན་ན་ མཛེས་ཏོག་ཏོ་བཟོ་སྟེ་ འཕྱར་དགོཔ་ཁག་ཆེ།
དར་འཕྱར་ཐངས།
དར་ཤིང་འཕྱར་ཐངས་དེ་ཡང་། སློབ་དེབ་བརྒྱད་པ། གནམ་ལོ་མེད། (སྤྱི་ལོ་ ༡༩༩༡ ཤོག་གྲངས་ ༣༧) ནང་ལུ་ དར་ཤིང་འཕྱརཝ་ད་ དར་དབ་དང་ས་གི་བར་ན་ འདོམ་གང་གི་ཚད་ལས་ཐུང་སྟེ་ བཞག་ནི་མི་འོང་ཟེར་ ཨིནམ་དང་། རལ་གྲི་དང་ དར་དབ་གྱི་བར་ན་ཡང་ འཁྱུ་གང་ལས་བརྒལ་ཏེ་ བཞག་ནི་མི་འོང་ཟེར་ བཀོད་དེ་འདུག།
སྤྱིར་བཏང་ དར་འདབ་དར་ཤིང་གུ་སྦྱར་ནིའི་དོན་ལུ་ རབ་འབྱུང་པ་ཅིན་ ལྕགས་གཟེར་དང་ ཤིང་གཞན་མེད་པར་ དར་ཤིང་ཁོ་རང་གིས་འཛེར་དེ་ར་ ལག་ལེན་འཐབ་པ་ཅིན་ ལེགས་ཤོམ་ཨིན་པས། དར་ཤིང་འཕྱར་བའི་སྐབས་ སེམས་ཁར་བཞག་དགོཔ་ གཅིགཔོ་དེ་ གསོན་པོའི་རིམ་གྲོ་གི་དོན་ལུ་ཨིན་པ་ཅིན་ ཨོཾ་རླུང་ཁར་དང་། ཧཱུཾ་ཤིང་ཁཁར། དེ་བཟུམ་སྦེ་ གཤིན་པོའི་དོན་ལུ་ཨིན་པ་ཅིན་ ཧཱུཾ་རླུང་ཁར་དང་ ཨོཾ་ཤིང་ཁར་སྦྱར་དགོཔ་ཨིན་པས། དེ་མ་ཚད་ གསོན་པོའི་དོན་ལུ་ཨིན་པ་ཅིན་ རང་རང་སོ་སོའི་ ལོ་འབྲི་ནི་དང་། གཤིན་པོའི་དོན་ལུ་ཨིན་པ་ཅིན་ མིང་འབྲི་དགོཔ་ཨིན།
འདི་གི་ཤུལ་ལུ་ སྐུ་གསུང་ཐུགས་རྟེན་དང་ ཁང་ཁྱིམ་ལ་སོགས་པ་ ག་ཅི་ར་ཨིན་རུང་། གསར་བཞེངས་འབད་ཚར་ཞིནམ་ལས་ བླམ་དགེ་བའི་བཤེས་གཉེན་ཚུ་གིས་ རབ་ཏུ་གནས་པ་ཟེར་ བཀྲ་ཤིས་པའི་ཚིག་ཚུ་བརྗོད་དེ་ ཡུན་རིངམོ་སྦེ་གནས་ནི་གི་དོན་ལུ་ བྱིན་གྱིས་བརླབས་གནང་སྲོལ་ཡོད་དོ་བཟུམ་སྦེ་ར་ དར་ཤིང་གི་དོན་ལུ་ཡང་ རབ་གནས་གནང་ནི་ཡོདཔ་ཨིན། དེ་འབད་ནི་འདི་གིས་ རབ་གནས་མ་གནང་ཚུན་ གནོད་པའི་དགྲ་བོ་ཚུ་གིས་ མི་གནོད་ནིའི་དོན་ལུ་ དར་ཤིང་གུ་ རྩང་དཔྱངས་བཞག་སྲོལ་འདུག།
དར་ཤིང་གི་གྱངས་ཁ་སྐོར།
སྤྱིར་བཏང་ དར་ཤིང་འཕྱར་བའི་སྐབས་ རབ་ཨིན་པ་ཅིན་ བརྒྱ་དང་རྩ་བརྒྱད། འབྲིང་ཉི་ཤུ་རྩ་གཅིག། ཐ་མ་བཅུ་གསུམ་འབད་ འཕྱར་དགོཔ་ཨིན་རུང་། རང་སོའི་དད་མོས་དང་འཁྲིལ་ཏེ་ འཕྱར་བཏུབ་ཨིན། དེ་སྦེ་ བརྒྱ་དང་རྩ་བརྒྱད་སྦེ་འཕྱར་དགོ་པའི་ ར་ཁུངས་དེ་ཡང་། རྒྱལ་བ་རིགས་བརྒྱའི་ལྷ་ཚོགས་ ཞི་བ་བཞི་བཅུ་རྩ་གཉིས་དང་། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། ཉེ་བའི་སྲས་ཆེན་བརྒྱད་བཅས་ཀྱི་གྱངས་ཁ་ལུ་ གཞི་བཞག་སྟེ་ཨིན་པས།
དར་འཕྱར་བའི་ཕན་ཡོན།
སྤྱིར་བཏང་ ལཱ་ག་ཅི་ར་ཨིན་རུང་ རང་གིས་ འབད་ཐངས་ཀྱི་རིམ་པ་དང་འཁྲིལ་ཏེ་ ཁེ་ཕན་ཚུ་འབྱུང་ནི་ཡོད་དོ་བཟུམ་སྦེ་ དར་ཤིང་འཕྱར་བའི་ཕན་ཡོན་ཡང་། ཚེ་འདིའི་ བར་ཆད་སེལ་ཏེ་ བསམ་པའི་དོན་ཚུ་ རང་བཞིན་ལྷུན་གྱིས་གྲུབ་ནི་དང་། དཔལ་འབྱོར་ཕུན་སུམ་ཚོགས་ཏོག་ཏོ་འོང་ནི། ཚེ་ཕྱི་མར་ མཐར་ཐུག་སངས་རྒྱས་ཀྱི་ གོ་འཕང་འཐོབ་པའི་ དགོས་པ་སྦོམ་འདུག་གོ།
སྤང་དགོཔ།
ང་བཅས་ར་ཚུ་གིས་ དགེ་བའི་ལཱ་ག་ཅི་ར་ཨིན་རུང་ དུས་ཚོད་བཟང་པོར་ འབད་དགོཔ་དང་། ངན་པར་ འཛེམས་དགོཔ་ཡོད་དོ་བཟུམ་སྦེ་ དར་དེ་ འཕྱར་བའི་སྐབས་ལུ་ཡང་ ས་བདག་བ་དན་ཁྲ་བོ་ཟེར་མི་ དུས་ཚོད་དེ་ འཕོགས་པའི་སྐབས་ སྤང་དགོཔ་མ་ཚད། དར་ཤིང་དེ་འཕྱར་བའི་སྐབས་ རང་སྡོད་སའི་ཕྱོགས་ ཤར་དང་ ནུབ་ཁ་ཐུག་ལུ་ཡང་ འཕྱར་མི་བཏུབ་ནི་ཨིན་པས། དེ་ལས་ རལ་གྲི་ཟུར་ཡང་ རང་སྡོད་སའི་ཁྱིམ་གུར་ བཞག་མི་བཏུབ་ཟེར་སླབ་སྲོལ་འདུག། ག་དེམ་ཅིག་སྦེ་ ང་བཅས་ར་ཚུ་གིས་ དར་དེ་ ས་བདག་བ་དན་ཁྲ་བོ་འཕོགས་པའི་ དུས་ཚོད་ལུ་འཕྱར་བ་ཅིན་ དར་གྱི་རས་ མ་ཟད་ཚུན་ཚོད་ཀྱི་རིང་ལུ་ ང་བཅས་ར་ཚུ་ ལས་བསགསཔ་ཨིན་ཟེར་ བཤད་སྲོལ་འདུག་གོ།
བཅུད་དོན།
གོང་ལུ་ དར་ཤིང་འཕྱར་ཐངས་ཀྱི་སྐོར་ལས་ མཁས་པ་ཚུ་གི་རྩོམ་སྒྲིག་འབད་དེ་ཡོད་པའི་ ཁུངས་གཏུགས་ཀྱི་ཡིག་ཆ་ཚུ་ལུ་ གཞི་བཅོལ་ཏེ་བྲིས་མི་ དོན་ཚན་འདི་གིས་ འབྲུག་གི་དངོས་མེད་ལམ་སྲོལ་གྱི་ནང་ལས་ དར་འཕྱར་ཐངས་ཀྱི་སྐོར་ ཆུང་ཀུ་ཅིག་ མི་མང་ལུ་ གོ་བ་བརྡ་སྤྲོད་འབད་ཚུགས་པའི་ རེ་བ་དང་གཅིག་ཁར་ མི་མང་གིས་ཡང་ དེ་སྦེ་ར་མཛད་ཚུགས་པའི་ རེ་བ་སྦོམ་ཡོད་ལགས།
ཁུངས་གཏུགས་ཀྱི་ཡིག་ཆ།
1. འབྲུག་གི་དངོས་མེད་ལམ་སྲོལ། (གནམ་ལོ་མེད། སྤྱི་ལོ་ ༢༠༡༥ ཤོག་གྲངས་ ༡༢༩) རྒྱལ་ཡོངས་དཔེ་མཛོད་དང་ཡིག་རིགས་གཏན་འཇོག་ཁང་།
2. མི་ཚེ་དོན་ལྡན་བཟོ་ཐབས་ཀྱི་ལམ་སྟོན། (གནམ་ལོ་མེད། སྤྱི་ལོ་ ༢༠༡༨ ཤོག་གྲངས་ ༡༢༣) YT Publisher=
3. དཔལ་ལྡན་འབྲུག་པའི་ལུགས་ལས་འབྱུང་བའི་དར་ཤིང་རལ་གྲི་སོགས་ཀྱི་བཤད་པ་ཀཱ་མ་དྷེ་ནུ་ཞེས་བྱ་བ། (གནམ་ལོ་མེད། སྤྱི་ལོ་ ༢༠༡༨ ཤོག་གྲངས་ ༦) རྟ་མགོ་རྡོར་གདན་བཀྲ་ཤིས་ཐང་ནང་པའི་གཙུག་ལག་སློབ་གྲྭ་མཁས་པའི་འབྱུང་གནས།
4. སློབ་དེབ་བརྒྱད་པ། གནམ་ལོ་མེད། (སྤྱི་ལོ་ ༡༩༩༡ ཤོག་གྲངས་ ༣༧) གསོ་བོ་དང་ཤེས་རིག་ལྷན་ཁག།
དོན་ཚན། བཀྲ་ཤིས་སྒང་རྫོང་གི་ཆགས་རབས།
ངོ་སྤྲོད།
༉ ང་བཅས་རའི་ དཔལ་ལྡན་འབྲུག་པའི་ རྒྱལ་ཁམས་ཀྱི་ཁོངས་གཏོགས་ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ནང་གསེས་ ཧེ་མའི་ཡིག་ཆ་ཚུ་ནང་ ཝེང་མཁར་ཟེར་སླབ་སྲོལ་ཡོད་མི་དང་། ད་རེས་ནངས་པ་ ཡོངས་གྲགས་ལུ་ བཀྲ་ཤིས་སྒང་རྫོང་ཟེར་ ཤར་ཕྱོགས་རྫོང་ཁག་དྲུག་གི་གྲལ་ལས་ རྙིང་ཤོས་དང་ རྩ་ཆེ་ཤོས་ཅིག་ཨིན་མི་གི་ ཆགས་རབས་ཀྱི་ལོ་རྒྱུས་ མདོར་བསྡུསཅིག་ ཧེ་མའི་ཡིག་ཆ་ཚུ་ལུ་ ཁུངས་གཏུགས་འབད་དེ་ འབྲི་ནི་ཨིནམ་དང་། དེ་ཡང་ དོན་ཚན་དང་འཁྲིལ་ཏེ། དང་པ་ རྫོང་ཟེར་བའི་ མིང་གི་ཐ་སྙད་དང་། གཉིས་པ་ རྫོང་ཁག་དེ་ དཔལ་ལྡན་འབྲུག་པའི་ ཆབ་འོག་ཏུ་བསྡུ་ཚུལ། གསུམ་པ་ རྫོང་བཞེངས་ནིའི་ སྟ་མགོན་མཛད་རིམ་མཛད་ཚུལ་དང་། བཞི་པ་ རྫོང་ཉམས་གསོ་ཞུ་ཚུལ། ལྔ་པ་ རྫོང་གི་མཚན་གནས་དང་། དྲུག་པ་ ད་ལྟོའི་རྫོང་གི་གནས་སྟངས་དང་ ལག་ལེན་བཅས། རྩ་བའི་དོན་ཚན་དྲུག་ལུ་དབྱེ་སྟེ་འབྲི་ནི་ཨིན།
དང་པ། རྫོང་ཟེར་བའི་ཐ་སྙད།
རྫོང་ཟེར་བའི་ མིང་གི་ཐ་སྙད་དེ་ ཧེ་མའི་དུས་ལུ་ཨིན་པ་ཅིན་ ཆོས་ཉམས་ལེན་འབད་ས་དང་ སྒྲུབ་པ་གནང་སའི་ གནས་རྩ་ཆེ་ཏོག་ཏོ་ཚུ་ལུ་ གོ་དོ་ཡོདཔ་དང་། དེ་ཡང་ གུ་རུའི་སྒྲུབ་གནས་ མོན་ཁ་ནི་རིང་རྫོང་། སྟག་ཚང་སེངྒེ་བསམ་གྲུབ་རྫོང་། རྟ་མགོ་ཆོས་དབྱིངས་ཕོ་བྲང་རྫོང་། གླིང་བཞི་བྱ་རྒོད་རྫོང་། ཟེར་མི་ མཚན་གནས་ཚུ་ལས་ ཧ་གོ་ཚུགས་པས། ཨིན་རུང་ ད་ལྟོ་རྫོང་གཞི་དེ་ཚུ་ནང་ ཆོས་སྲིད་ལུགས་གཉིས་ཀྱི་ཕྱག་ལཱ་གནང་སའི་ ལྟེ་བ་ལུ་འགྱུར་མི་དེ། དུས་རབས་ ༡༧ པའི་ནང་ ཞབས་དྲུང་རིན་པོ་ཆེ་མཆོག་ ང་བཅས་རའི་ འབྲུག་མི་ཡོངས་ཀྱི་བཀའ་དྲིན་བླ་ན་མེད་པའི་སྐྱབས་མཆོག་ གུ་རུ་རིན་པོ་ཆེ་དང་། རང་གི་སྐུ་གོང་མ་ གཙང་པ་རྒྱ་རས་ཀྱི་ལུང་བསྟན་དང་འཁྲིལ་ ལྗོངས་འདིར་ ཞབས་ཀྱིས་བཅག་ཞིནམ་ལས་ཚུར་ དར་ཡོདཔ་སྦེ་ བློ་གསར་དགའ་སྟོན། ( གནམ་ལོ་མེད། ༢༠༡༦ ཤོག་གྲངས་ ༧༥ ) ནང་ལུ་ བཀོད་དེ་འདུག།
གཉིས་པ། དཔལ་འབྲུག་པའི་ཆབ་འོག་ལུ་ བཙུགས་ཚུལ།
བཀྲ་ཤིས་སྒང་རྫོང་ཁག་དེ་ དཔལ་འབྲུག་པའི་མངའ་འོག་ལུ་ བསྡུ་ཚུལ་དེ་ཡང་། དཔལ་འབྲུག་པ་རིན་པོ་ཆེ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་རྣམ་ཐར། གནམ་ལོ་མེད། ༡༩༩༩ ཤོག་གྲངས་ ༣༠༨ གྱིས་འབད་བ་ཅིན། ཧེ་མ་ ཤར་ཕྱོགས་ཁ་ཐུག་ ལུང་ཕྱོགས་རེ་ལུ་རྒྱལཔོ་རེ་འབད་སྡོད་པའི་སྐབས་ མཁའ་གླིང་རྒྱལཔོ་བདེ་བ་དང་། འབྲུག་རྒྱལ་གཉིས་ ས་མཚམས་རྡོ་མཚམས་ཀྱི་སྐོར་ མ་འགྲིགས་པར་ བདེ་སྒྲིག་བཟོ་ནིའི་དོན་ལུ་ བོད་གཞུང་གིས་ མི་སྣ་ལྡིང་དཔོན་ཟེར་མི་དེ་གཏང་སྟེ་ བློ་སླབ་པའི་སྐབས་ མི་སྣ་ལྡིང་དཔོན་གྱིས་ལྷོ་མོན་གྱི་ཁ་ཧ་མ་གོ་བར་ བར་ན་ ལོ་ཙཱ་བ་བཙུགས་ཏེ་ བློ་སླབ་པའི་སྐོར་ བཀོད་འདུག། བློ་གསར་དགའ་སྟོན། གནམ་ལོ་མེད། ཤོག་གྲངས་ ༧༦ གྱིས་འབད་བ་ཅིན། དེ་སྒང་ ལོ་ཙཱ་བ་དེ་ཡང་ འབྲུག་རྒྱལ་གྱི་ཧོངས་ལས་ བོད་འབྲུག་པའི་བླ་མ་ ཐུབ་བརྟན་པད་དཀར་གྱི་བུ་ རྣམ་སྲས་རྡོ་རྗེ་དང་། མཁའ་གླིང་རྒྱལཔོ་བདེ་བ་གི་ཧོངས་ལས་ རྟ་ཝང་བླ་མ་ཆོས་དབྱིངས་རྒྱ་མཚོ་གཉིས་ཨིནམ་སྦེ་ བཀོད་དེ་འདུག། མ་གཞི་ དེ་བསྒང་ ཁོང་གཉིས་ཆ་རའི་ཁ་ཐུག་ལས་ བདེན་པ་བཟང་ཡོད་རུང་ མོན་པ་དང་བོད་པའི་བར་གྱི་སྐད་ཀྱི་སྒྲ་དགངས་དང་ སྙན་ཚིག་བསྒྱུར་ཐངས་ཀྱི་ཁྱད་པར་ལུ་བརྟེན་ མི་སྣ་ལྡིང་དཔོན་གྱིས་ འབྲུག་རྒྱལ་གྱི་རྒྱབ་བཟུང་མི་ལུ་ མཁའ་གླིང་རྒྱལཔོ་བདེ་བ་ ངལ་མ་རངས་པར་ ནང་འཁྲུགས་ལངས་སྡོདཔ་ད་ བླ་མ་རྣམ་སྲས་རྡོ་རྗེ་ཀུ་རི་ལུང་པར་བརྒྱུད་དེ་ དཀྲོང་གསར་ལུ་འབྱོན། དཔོན་སློབ་མི་འགྱུར་བརྟན་པ་དང་མཇལ། དཔོན་སློབ་ཀྱིས་ བླམ་དང་མཇལ་དགོཔ་འདུག་ཟེར་གསུངས་མི་དང་འཁྲིལ་ཏེ་ སྤུ་ན་ཁ་ལུ་སོང་ཞིན་ན་ བླ་མ་ངག་དབང་རྣམ་རྒྱལ་དང་མཇལ་བའི་སྐབས་ བླ་མ་རྣམ་སྲས་རྡོ་རྗེ་གི་མིག་ཏོ་ཁར་ བླམ་དེ་ འཕགསཔ་སྤྱན་རས་གཟིགས་དང་ དབྱེ་བ་ག་ནི་ཡང་མེདཔ་སྦེ་མཇལཝ་ལས་ སེམས་ལུ་དགའ་བ་སྦོམ་བྱུང་ནུག། དེ་ལས་ཚུར་ བླ་སློབ་གཉིས་ ཐུགས་ཡིད་གཅིག་ཏུ་འདྲེས་ཏེ། སྐྲ་ཕུད་ཕུལ། དཔལ་ལྡན་འབྲུག་པའི་བསྟན་པ་སྤེལ་ནི་ལུ་ འདྲོག་ནི་དང་འཚེར་ནི་མེད་པའི་ མཚན་རྣམ་སྲས་རྡོ་རྗེ་ཟེར་གསོལ་གནང་ཡོདཔ་མ་ཚད། རིམ་པ་བཞིན་དུ་ དབང་ལུང་མན་ངག་ཚུ་ ཡོངས་རྫོགས་སྦེ་གནང་ཞིན་ན་ རྡོ་རྗེ་འཛིན་པའི་སར་ བཀྲ་ཤིས་པའི་ མངའ་གསོལ་མཛད། སྐུ་གསུང་ཐུགས་ཀྱི་རྟེན་དང་ མཆོད་ཆ་ལ་སོགས་པ་ཚད་མེདཔ་ཅིག་གནང་སྟེ་ ཉི་མ་ཤར་གྱི་ཕྱོགས་ལུ་ ཆོས་ཀྱི་བརྟན་པ་དར་བའི་ ལུང་བསྟན་ཡང་གནང་ནུག། ཨིན་རུང་ ཡུལ་ཁམས་འདི་ནང་ བཀའ་ཁྲིམས་དྲག་པོའི་སྒོ་ལས་ བཏུལ་མ་ཚུགས་པའི་ ང་རྒྱལ་ཅན་གྱི་དཔོན་ལེ་ཤ་ཡོད་ནི་འདི་གིས་ ཞི་བའི་ཐོག་ལས་ དམ་པའི་ཆོས་ཀྱི་བསྟན་པ་སྤེལ་ནི་དེ་ ག་དེ་སྦེ་འབད་ཚུགས་ག? ཟེར་ཞུ་བའི་སྐབས་ བླ་མ་གིས་ མ་འོངས་པའི་ནང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ངེའི་ལུགས་གཉིས་ཀྱི་བསྟན་པ་དར་ནིའི་ ལུང་བསྟན་ཡོདཔ་ལས་ བུ་ཁྱོད་བློ་སྟོབས་མ་ཉམས་པར་ ང་གིས་སླབ་མི་དང་འཁྲིལ་ འབད་ཟེར་གསུང་ནུག། དེ་ལས་ བླ་མ་རྣམ་སྲས་ཡང་ འདི་ལུ་ ཡིད་ཆེས་སྦོམ་བསྐྱེད། ལུས་གུས་པའི་ ཕྱག་འཚལ་ཞིནམ་ད་ ཀྲོང་གསར་བརྒྱུད་དེ་ ལོག་གཡུས་ཁར་བྱོན་ནུག། དེ་བསྒང་ བླ་མ་རྣམ་སྲས་དེ་ གཡུས་འདི་ནང་ལས་ འཐོན་འགྱོ་ནི་འདི་གིས་ ལུངཔ་འདི་ནང་གི་མི་ཚུ་ག་ར་ མཁའ་གླིང་རྒྱལཔོ་བདེ་བ་གིས་ དབང་ཡོདཔ་ཨིན་རུང་། ཤུལ་ལས་ རིམ་གྱིས་འབད་ རྩེང་མི་མཚོ་ལྔ། ཨུ་རྫ་རོང་། རྐང་ལུང་། མཁའ་གླིང་ཕྱི་སྐོར་ནང་སྐོར་གྱི་འབངས་མི་ཚུ་ག་ར་ དཔལ་འབྲུག་པའི་མངའ་འོག་ལུ་ བཙུགས་མི་དང་འབྲེལ་ མཁའ་གླིང་རྒྱལཔོ་བདེ་བ་ཡང་ རང་བཞིན་གྱིས་ འཛུལ་དགོཔ་འབྱུང་ནུག།
གསུམ་པ། རྫོང་གསར་བཞེངས་ཀྱི་སྟ་མགོན་མཛད་རིམ།
དེ་ལས་ ཡུལ་ཕྱོགས་དེ་ཁར་ དཔལ་འབྲུག་པའི་གདན་ས་ འཕྲལ་ལུ་ཕན་པའི་སྲིད་དང་། ཕུག་ཏུ་ཕན་པའི་ཆོས། ཆོས་སྲིད་ལུགས་གཉིས་འཁོར་ལོ་བསྒྱུར་ཐབས་དང་། ལྷག་པར་དུ་ ཕྱིའི་དགྲ་ཚུ་ལས་བསྲུང་ནིའི་དོན་ལུ་ ས་བཙན་པོ། འདོད་ཡོན་ལོངས་སྤྱོད་ཚུ་ རང་བཞིན་གྱིས་བསྡུ་ཚུགས་པའི་ས་གོ་ཅིག་ ག་ཏེ་ལས་ཐོབ་ག? ཟེར་འཚོལ་བའི་སྐབས་ ཝེང་ཁར་གྱི་[1]རྒྱལ་བློན་འབང་འཁོར་ཚུ་གིས་ ས་གནས་ཝེང་ཁར་འདི་ ས་གོ་ལེགས་ཤོམ་ཅིག་ཨིན། འདི་ཁར་ བཞེངས་པ་ཅིན་དྲག་ཟེར་ཞུ་ཞིན་དུ་ བླ་མ་རྣམ་སྲས་ཀྱིས་ གཞུང་ཞབས་ལུ་ སྙན་གསན་ཕབ་པའི་སྐབས་ ཞབས་དྲུང་རིན་པོ་ཆེ་གིས་ མཁརགསུམ་[2]འཛོམས་ས་སྦུག་ལུ་ བཞེངས་པ་ཅིན་ དཔལ་ལྡན་འབྲུག་པའི་བསྟན་པ་ལུ་ ཕན་སྦོམ་ཐོག་ནི་ཨིན་པའི་ ལུང་བསྟན་གནང་ཡོད་མ་ཚད། སྤྱི་བླ་མི་འགྱུར་བསྟན་པའི་བཀའ་བཞིན་དུ་ སྤྱི་ལོ་ ༡༦༤༦ ལུ་ རྫོང་ཆུང་ཀུ་ཅིག་བཞེངས་ཏེ་ བླ་མ་རྣམ་སྲས་ཁོ་ར་ མཁའ་གླིང་རི་ཟོར་ཟེར་སར་ བྱོན་བཞུགས་ནུག། དེ་ནང་ ཡུན་མ་རིངམ་གཅིག་ཁར་ ད་རུང་ བོད་དམག་ལེན་ཐེངས་གཉིས་པ་ རྐྱབ་དགོཔ་འབྱུང་མི་དང་འཁྲིལ་ དམག་རྐྱབ་པར་འགྱོ་བའི་སྐབས་ བླ་མ་རྣམ་སྲས་བོད་དམག་གིས་འཁྱིད་དེ་ ལྷ་སར་བཙོན་ནང་བཙུགས་ཡོདཔ་མ་ཚད། དེ་ཁ་ལས་མར་ འབྱོག་འོངམ་ཨིན་ཟེར་ ལམ་བར་ན་ལྷོདཔ་ད་ བོད་དམག་གིས་དཀྲོངས་ཡོདཔ་ཨིན་པས།
བཞི་པ། རྫོང་ཉམས་གསོ་ཞུ་བའི་སྐོར།
བློ་གསར་དགའ་སྟོན། གནམ་ལོ་མེད། ཤོག་གྲངས་ ༨༠ གྱིས་འབད་བ་ཅིན། དེ་ལས་ དབུ་མཛད་ཀྱིས་ ཀྲོང་གསར་ཕྱོགས་ལུ་བྱོན། ཆོས་རྒྱལ་མི་འགྱུར་བརྟན་པ་ལུ་ གནས་ཚུལ་ཚུ་ཞུ་བའི་སྐབས་ དཔོན་སློབ་ཀྱིས་ ཧེ་མ་ ང་གིས་སླབ་དོ་བཟུམ་ རྫོང་ས་ཝེང་མཁར་ལུ་ བཟུང་པ་ཅིན་ དཀྲིག་ཀྲི་སོང་ཡི། ཨ་ཙི་འཛོལ་སོང་ནུག། ད་ ག་དེ་སྦེ་འབད་བ། ཨིན་རུང་ བླ་མའི་བཀའ་ཨིནམ་ལས་ དོ་རུང་ ཚར་གཅིག་འགོ་བཙུགས་ད་ཟེར་ བཀའ་གནངམ་བཞིན་དུ་ དབུ་མཛད་དམ་ཆོས་རབ་རྒྱས་དང་། སྐུ་དྲུང་པད་དཀར་ཆོས་འཕེལ་གཉིས་ཀྱིས་ ཝེང་ཁར་ལུ་ཡོད་པའི་ ཧེ་མའི་རྫོང་ཆུང་རྙིངམོ་དེ་ རྩ་བ་ལས་ར་བཤིག་ཞིན་ན། ཤར་ཕྱོགས་ཁ་ཐུག་ སྐྱིད་གླིང་དགྲ་འདུལ་རྫོང་། ལྷོ་ཕྱོགས་ཁ་ཐུག་ མཐོང་མཁར་ལྟ་རྫོང་། ནུབ་ཕྱོགས་ཁ་ཐུག་ སྒོ་སྲུང་ཕུད་པ་རྫོང་། བྱང་ཕྱོགས་ཁ་ཐུག་ རྫོང་སྨད་རྟ་ར་རྫོང་ཚུ་གི་སྐོར་བའི་སྦུག་ནང་ལུ་ དཔལ་ལྡན་འབྲུག་པ་ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕོ་བྲང་དེ་ སྤྱི་ལོ་ ༡༦༥༩ ལུའམ་ རབ་བྱུང་ ༡༡ པའི་ས་ཕག་ལོ་ལུ་ བཞེངས་གནང་ནུག།
ལྔ་པ། རྫོང་གི་མཚན་གནས།
རྫོང་གི་མཚན་གནས་ བཀྲ་ཤིས་སྒང་རྫོང་ཟེར་གསོལ་དགོ་པའི་ ར་ཁུངས་དེ་ཡང་། རྫོང་གཞི་ཕྱོགས་སྡེབས། (གནམ་ལོ་མེད། ༢༠༠༦ ཤོག་གྲངས་ ༡༥༩ ) ནང་ལུ་ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཆ་མཉམ་ དཔལ་འབྲུག་པའི་ མངའ་འོག་ལུ་བསྡུ་བའི་ རྟགས་དང་རྟེན་འབྲེལ་ལུ་དམིགས་ཏེ་ གསོལ་ཡོདཔ་སྦེ་བཀོད་དེ་འདུག།
དྲུག་པ། རྫོང་གི་གནས་སྟངས།
ད་ལྟོ་ མཇལ་སྲོལ་ཡོད་མི་ རྫོང་དེ་ སྤྱི་ལོ་ ༡༩༣༦ མེ་བྱི་ལོ་ལུ་ ཧེ་མའི་རྫོང་རྙིངམོ་གི་ཤིང་ཆས་ཚུ་ མེདཔ་ཐལ་མི་དང་། ལོ་ངོ་ལེ་ཤ་སོང་ཡོད་མི་ལུ་བརྟེན་ཏེ་ རྫོང་དཔོན་ཕྲིན་ལས་སྟོབས་རྒྱས་ ཡོངས་གྲགས་ལུ་ སྲས་རྡོ་པོ་ལ་ཟེར་ཞུ་མི་གིས་ འབྲུག་གི་རྒྱལ་རབས་གཉིས་པ་ ༧ དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ལུ་ སྙན་གསན་ཕབ་སྟེ་ བཀའ་གནངམ་ཞིན་དུ་ རྩ་བ་ལས་བཤིག་སྟེ་ ཉམས་གསོ་ཞུ་ཡོདཔ་སྦེ་ བློ་གསར་དགའ་སྟོན། ( གནམ་ལོ་མེད། ༢༠༡༦ ཤོག་གྲངས་ ༨༢ ) ནང་བཀོད་དེ་འདུག། ད་རེས་ རྫོང་དེ་ བཟོ་དབྱིབས་གྲུ་བཞི་འབད་ཞིན་ན། ཐོག་ལྔ་སྦེ་མཇལ་ཚུགསཔ་མ་ཚད། རྫོང་གི་ཐོག་རེ་རེ་ནང་ ལག་ལེན་མ་འདྲཝ་རེ་འདུག། དེ་ཡང་། བླ་མའི་ལྷ་ཁང་། ཚེས་བཅུ་ལྷ་ཁང་། གྲུབ་ཐོབ་ལྷ་ཁང་། མགོན་ཁང་། ཀུན་ར་ལྷ་ཁང་འབད་ཡོདཔ་དང་། དབུ་རྩེའི་མདུན་ཕྱོགས་ལུ་ བླ་རྒྱུད་ཚོགས་ཞིང་། སྒྲོལ་མ་ལྷ་ཁང་། དྲག་ཤོས་རྫོང་བདག་གི་ཡིག་ཚང་། རྫོང་ཁག་བདག་སྐྱོང་གི་ཡིག་ཚང་གཞན། དབུ་རྩེའི་གཡས་ཕྱོགས་ལུ་ བླམ་གནས་བརྟན་གྱི་གཟིམ་ཅུང་དང་། གུ་རུ་ལྷ་ཁང་། གཡས་གཡོན་གཉིས་ལུ་ དགེ་སློང་ཚུ་གི་གྲྭ་ཤག་དང་། ལས་ཁུངས་ཁག་གི་ཡིག་ཚང་སྦེ་འདུག།
མཐའ་བསྡོམ།
ད་རེས་ནངས་པ་ རྒེད་འོག་ ༡༥ གི་ཕྱག་ལཱ་གནང་སའི་ལྟེ་བ་ བཀྲ་ཤིས་སྒང་ངམ་ ཧེ་མ་ཝེང་ཁར་ཟེར་ཞུ་སྲོལ་ཡོད་མི་ ས་གནས་ཁར་ ཆགས་ཏེ་ཡོད་པའི་ རྫོང་ཆེན་འདི་ ལྷོ་ཁ་ཐུག་ལས་མཇལཝ་ད་ གསེར་གྱི་མནྜལ་ནང་ལུ་ གཡུའི་ཚོམ་བུ་ སྤུང་སྤུངམ་བཟུམ་དང་། ནུབ་ཁ་ཐུག་ལས་མཇལཝ་ད་ ནོརབུ་དགོས་འདོད་དཔུང་འཇོམ་ ཁ་ཡར་གཏད་དེ་ སྡོད་སྡོདཔ་བཟུམ། བྱང་ཁ་ཐུག་ལས་མཇལཝ་ད་ གླང་པོ་ཆེ་ཉལ་སྡོད་སྡོདཔ་བཟུམ་དང་། ལྕགས་ཟམ་ལས་ ཁ་ཡར་ལྟག་མཇལཝ་ད་ གནམ་ཁ་ལུ་ ད་ལྟོ་ར་ ཕུར་འགྱོ་སག་ས་སྦེ་མཇལ་ནི་ཡོད་མི་དང་། གཡང་རྩེ་ལས་ཁོ་ལོང་ཆུ་དང་། མོན་རྟ་ཝང་ལས་ གྲངས་མེད་ཆུ་གཉིས་འབབས་ཏེ་ དུས་ཉིན་མཚན་མེད་པར་ མཆོད་པའི་ཡུལ་ལུ་ འགྱུར་ཡོད་མི་དེ་ བཀྲ་ཤིས་སྒང་རྫོང་ཆེན་དེ་ཨིན།
ཁུངས་གཏུགས་ཀྱི་ཡིག་ཆ།
1. བློ་གསར་དགའ་སྟོན། གནམ་ལོ་མེད། ༢༠༡༦ ཤོག་གྲངས་ ༧༦-༨༥ ཚུན། པར་སྐྲུན་པའི་ཁ་གསལ་མིན་འདུག།
2. ཤར་རྫོང་གནམ་གྱི་འཁོར་ལོ། ཞིབ་འཚོལ་གོ་རིམ་ ༤ པ། གནམ་ལོ་མེད། ༢༠༠༩ ཤོག་གྲངས་༩༡ ། འབྲུག་རྒྱལ་ཡོངས་འགྲེམས་སྟོན་ཁང་། སྤ་རོ།
3. ཞབས་དྲུང་རིན་པོ་ཆེ་ངག་དབང་རྣམ་རྒྱལ་གྱི་རྣམ་ཐར། གནམ་ལོ་མེད། ༡༩༩༩ ཤོག་གྲངས་ ༣༠༨ རྫོང་ཁ་གོང་འཕེལ་ལྷན་ཚོགས།
4. རྫོང་གཞི་ཕྱོགས་སྡེབས། (གནམ་ལོ་མེད། ༢༠༠༦ ཤོག་གྲངས་ ༡༥༩ ) མེ་གྷ་ཚོང་ལས་ཁང་། འབྲུག་ཐིམ་ཕུག།།
དོན་ཚན། ར་རྒོད་གནས་ཀྱི་སྐོར།
ངོ་སྤྲོད།
༉ ར་རྒོད་གནས་འདི་ དུས་རབས་ ༨ པའི་ནང་བྱོན་མི་ སངས་རྒྱས་གཉིས་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་ སྦས་གནས་ཚུ་གི་གྲལ་ལས་ གཅིག་ཨིནམ་སྦེ་ ཡིད་ཆེས་སྐྱེདཔ་ཨིན། གནས་དེ་ སྤ་རོ་རྫོང་ཁག་ དོལ་སྟེང་རྒེད་འོག་ནང་ཡོད་པའི་ བྱག་སྦྱི་དང་། ཕུ་ནུབ་གཡུས་ཚན་གྱི་མགུ་ལུ་ ཆགས་ཏེ་འདུག། གནས་དེ་ནང་ ལྷོད་ནིའི་དོན་ལུ་ སྤ་རོ་ཁྲོམ་ཁ་ལས་ དུས་ཡུན་ཆུ་ཚོད་ ༡ ལྷགཔ་ཅིག་ སྣུམ་འཁོར་ནང་ འགྱོ་དགོཔ་མ་ཚད། དོ་རུང་ སྣུམ་འཁོར་ནང་ལས་ཐོན་ཏེ་ དུས་ཡུན་སྐར་མ་ ༢༠ ལྷགཔ་ཅིག་གི་རིང་ རྐང་ཐང་སྦེ་ འགྱོ་དགོ་པས།
འགྲོ་ལམ་གྱི་སྐོར།
ར་རྒོད་གནས་དེ་ མཇལ་བ་འགྱོ་ནིའི་དོན་ལུ་ ལམ་ཁག་གཉིས་ཡོད་ལུགས་ བཤད་ནི་ཡོདཔ་དང་། དེ་ཡང་ གཅིག་ སྤ་རོ་ཁྲོམ་ཁ་ལས་ ཤར་རི་གཡུས་ཚན་ཁ་ཐུག་འགྱོ་སའི་ ཟམ་དེ་བརྒལ་ཏེ་ ལྟ་རྫོང་ཁ་ཐུག་མེན་པར་ རྡོལ་སྟེང་རྒེད་འོག་ཁ་ཐུག་ལུ་ འགྱོ་དགོ་པས། དེ་ལས་ རྡོལ་སྟེང་རྒེད་འོག་ནང་ཡོད་པའི་ སློབ་གྲྭར་འགྱོ་སའི་ སྣུམ་འཁོར་གསེབ་ལམ་བདའ་སྟེ་ བྱག་སྦྱི་དང་། ཕུ་ནུབ་གཡུས་ཚན་གཉིས་ནང་ཐོན་ཏེ་འགྱོཝ་ད་ ལྷོད་ཚུགས་པས། འདི་བཟུམ་སྦེ་ གཅིགཔོ་དེ་ འབུམ་བྲག་གནས་ལས་ཐོན་ཏེ་ ཡོད་ལུགས་བཤད་ནི་འདུག། དད་པའི་ས་བོན། གླེག་བམ་དང་པ། (གནམ་ལོ་མེད། ཤོག་གྲངས་༩༧) གྱིས་འབད་བ་ཅིན་ འབུམ་བྲག་གནས་ལས་ ར་རྒོད་གནས་ཁ་ཐུག་འོང་དགོ་པ་ཅིན་ དུས་ཡུན་ཆུ་ཚོད་ ༢ ལྷགཔ་ཅིག་ འགོརཝ་ཨིན་ཟེར་ བཀོད་དེ་འདུག།
གནས་ཀྱི་མིང་གནས་སྐོར།
ས་གནས་དེ་ཁའི་ གནས་ཀྱི་མིང་ལུ་ ར་རྒོད་གནས་ཟེར་ ཞུཝ་ཨིན་པས། དད་པའི་ས་བོན། གླེག་བམ་དང་པ། (གནམ་ལོ་མེད། ཤོག་གྲངས་༩༧) གྱིས་འབད་བ་ཅིན་ གནས་འདི་གི་ལམ་འགོ་དང་པ་ སྟོན་གནང་མི་དེ་ ར་དང་བྱ་རྒོད་གཉིས་འབད་ནི་འདི་གིས་ གནས་ཀྱི་མིང་ལུ་ ར་རྒོད་གནས་ཟེར་ བཏགས་ཡོད་ལུགས་ བཀོད་དེ་འདུག། ཨིན་རུང་ དེ་ཁའི་ དཀོན་གཉེར་གྱིས་འབད་བ་ཅིན་ ར་རྒོད་གནས་ཟེར་ མིང་འཐོབ་དགོ་མི་དེ་ ད་ལྟོ་ལྷ་ཁང་འོག་མའི་ནང་ མཇལ་ཚུགས་མི་ གུ་རུ་མཚོ་སྐྱེ་རྡོ་རྗེའི་སྐུ་འདྲ་དེ་ ར་དང་རྒོད་ཀྱིས་ དེ་ཁར་ ཞུ་བསྐྱལཝ་ལས་ གནས་ཀྱི་མིང་ལུ་ ར་རྒོད་གནས་ཟེར་ བཏགས་ཡོད་ལུགས་ བཤད་ནི་འདུག། མ་གཞི་ སྤྱིར་བཏང་ ར་ཚུ་གྱང་སྟེ་ ལ་ཁ་མཐོ་སར་སྡོད་ནི་ལུ་ ལཱ་ཁག་རྐྱབ་ཨིན་རུང་ གནས་དེ་ཁར་ ར་ཕོ་མོ་ ༥ དེ་ཅིག་ ང་བཅས་ཚུ་གིས་ མཐོང་ཚུགསཔ་ལས་ ཧ་ལམ་ མིང་དང་དོན་མཐུན་ཨིནམ་ ཧ་གོ་ཚུགས་པས།
ལྷ་ཁང་ ༡ པ། གོང་མའི་སྐོར།
གནས་དེ་ཁར་ལྷོདཔ་ད་ ག་ནི་བ་ བྱག་གཟར་དྲགས་གུར་ ལྷ་ཁང་གོང་འོག་གཉིས་ མཇལ་ཚུགས་པས། ལྷ་ཁང་དང་པ་དེ་འབད་བ་ཅིན་ ཧེ་མ་ དུས་རབས་ ༡༧ པའི་ནང་ བཀྲ་ཤིས་གཡང་རྩེ་རྫོང་ཁག་ སྟོང་ཞང་ལས་བྱོན་མི་ ཧེ་མའི་མཚན་སྒོམ་ཆེན་ཚེ་དབང་བསྟན་འཛིན། ཤུལ་ལས་ གྲུབ་ཐོབ་ཚེ་དབང་བསྟན་འཛིན་ཟེར་ ཞུ་མི་གིས་ གདན་ས་བཏབ་གནང་ཡོད་ལུགས་ བཤད་ནི་འདུག། དགེ་སློང་བསོད་ནམས་ལྷ་རྒྱལ་གྱིས་འབད་བ་ཅིན་ གྲུབ་ཐོབ་ཚེ་དབང་བསྟན་འཛིན་ཁོ་ར་ ཧེ་མ་གཡུས་ཁ་ལས་ཚུར་བྱོནམ་ད་ གནས་དེ་ཁར་མེན་པར་ ཆུམོ་ཕུག་གནས་ལུ་བྱོན་ནི་སྦེ་ བྱོན་ཡོདཔ་ཨིན་རུང་། ཤུལ་ལས་ ལུང་བསྟན་གྱིས་འབད་ གནས་དེ་ཁར་ལྷོད་དེ་ གདན་ས་བཏབ་གནང་ཡོད་ལུགས་བཤད་ནི་འདུག།
ལྷ་ཁང་གོང་མའི་ནང་རྟེན།
ལྷ་ཁང་དེ་ ག་ནི་བ་ བྱག་འདྲོག་སི་སི་ཅིག་གུ་ ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལ་ཚུགསཔ་མ་ཚད་ ལྷ་ཁང་ནང་ན་ལུ་ ནང་རྟེན་ཚུ་ཡང་ སྦུག་ གུ་རུ་པདྨ་འབྱུང་གནས་དང་། གཡས་ གྲུབ་ཐོབ་ཁོ་རའི་སྐུ་འདྲ། དེ་ལས་ གཡོན་ བླ་མ་ཞབས་དྲུང་རིན་པོ་ཆེ་སྦེ་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ བཞུགས་ཏེ་འདུག། ལྷ་ཁང་འདི་གི་ དཀོན་གཉེར་གྱིས་འབད་བ་ཅིན་ ད་ལྟོ་ལྷ་ཁང་དེ་ནང་ མཇལ་སྲོལ་ཡོད་མི་ རྟེན་ཚུ་ ས་གནས་དེ་ཁ་ལས་ སྐར་མ་དག་པ་ཅིག་གི་ས་ཁར་ཡོད་པའི་ བསིལ་ཆུ་ཕུག་གི་རྟེན་ཚུ་ཨིན་ཟེར་ བཤད་ནི་ཡོདཔ་དང་། དེ་ཡང་ གྲུབ་ཐོབ་ཚེ་དབང་བསྟན་འཛིན་ལུ་ མ་འོངས་པར་ བསིལ་ཆུ་ཕུག་གི་ལྷ་ཁང་དེ་ ཉམས་འགྱོ་ནི་ཨིན་པའི་ ལུང་བསྟན་འབྱུང་མི་དང་འཁྲིལ་ཏེ་ བསིལ་ཆུ་ཕུག་ལུ་ སྒྲུབ་པ་གནང་སྟེ་བཞུགས་མི་ ཁོ་རའི་ཆ་རོགས་ལུ་ཞུ་ཞིན་དུ་ ཆ་རོགས་ཀྱིས་ཡང་ དེ་འཕྲོས་ལས་ ངོས་ལེན་མཛད་པའི་ཤུལ་ གནས་དེ་ཁར་ ཞུ་ཡོད་ལུགས་བཤདཔ་ཨིན་པས།
ལྷ་ཁང་ ༢ པ། འོག་མའི་སྐོར།
ལྷ་ཁང་གོང་མ་ལས་ ཁ་མར་ལྟག་འབབས་འོངམ་ད་ བྱག་འདྲོག་སི་སི་ཅིག་གུ་ ལྷ་ཁང་ཅིག་མཇལ་ནི་འདུག། ལྷ་ཁང་དེ་གི་དཀོན་གཉེར་ དགེ་སློང་པདྨ་ནོར་བུ་གིས་འབད་བ་ཅིན་ ལྷ་ཁང་དེ་ དུས་རབས་ ༡༣ པའི་ནང་ གྲུབ་ཐོབ་ལྕགས་ཟམ་པའམ་ ཐང་སྟོང་རྒྱལ་པོ་གིས་ བཞེངས་ཡོད་ལུགས་བཤདཔ་མ་ཚད་ ལྷ་ཁང་བཞེངས་སའི་ ས་གོ་དེ་ཡང་ རུས་སྦལ་ཉལ་སྡོད་སྡོད་པའི་ རྐངམ་གཡསཔ་གུ་ཨིན་ཟེར་ བཤད་ནི་འདུག། རུས་སྦལ་གྱི་རྐངམ་གཡོནམ་དེ་འབད་བ་ཅིན་ ཕུག་ཤར་ཟེར་སར་ཡོདཔ་དང་། དེ་གུ་ཡང་ ལྷ་ཁང་ཅིག་བཞེངས་ཡོད་ལུགས་ བཤད་ནི་འདུག། དེ་བཟུམ་སྦེ་ རུས་སྦལ་གྱི་མགུ་ཏོ་དེ་འབད་བ་ཅིན་ དེ་ཁ་ལས་ ཁ་མར་འབབས་འོངམ་ད་ གཡུས་ཚན་ཅིག་ནང་ མཇལ་ཚུགས་མི་ སྲིན་བུ་ལྷ་ཁང་དེ་ཨིན་ཟེར་ བཤད་ནི་འདུག།
ལྷ་ཁང་འོག་མའི་ནང་རྟེན།
ལྷ་ཁང་དེ་ནང་ ནང་རྟེན་གཙོ་བོ་ གུ་རུ་གསུང་བྱོནམ་འམ་ མཚོ་སྐྱེས་རྡོ་རྗེ་དང་། གཡས་ གུ་རུ་བྲག་དམར། དེ་ལས་ གཡོན་ཞབས་དྲུང་རིན་པོ་ཆེ་སྦེ་ མཇལ་ཚུགསཔ་མ་ཚད། གྱང་གུ་ལུ་ བསམ་པ་ལྷུན་གྲུབ་མའི་ ལྡེབ་རིས་དང་། ཟངས་མདོག་དཔལ་རིའི་ ཞིང་ཁམས་ཀྱི་ལྡེབ་རིས་ཚུ་ཡང་ མཇལ་ཚུགས་པས། ལྷ་ཁང་དེའི་ནང་ན་ མཆོད་གཤམ་དང་སྒོ་གི་བར་ན་ བྱག་གུ་ལས་མར་ བདུད་རྩི་རྒྱུན་མ་ཆད་པར་ འབབས་ཏེ་འདུག། བདུད་རྩི་དེ་ ང་བཅས་ར་ཚུ་གིས་འཕྱག་ཞིན་ན་ རྐངམ་ལགཔ་དང་ གཟུགས་ཀྱི་ཚིག་ཏོ་ན་ས་ལུ་ དབུར་བ་ཅིན་ སངམ་ཨིན་ཟེར་ བཤད་ནི་འདུག། ཧེ་མའི་ལྷ་ཁང་དེ་ སྟག་ཚང་མེ་མཆོད་བཞེས་པའི་ དུས་མཉམ་ལུ་ བྱག་ཧྲམ་སྟེ་ ཕྱགས་མདའ་ཡོདཔ་དང་། ད་ལྟོ་ཡོད་མི་ ལྷ་ཁང་དེ་ སྤྱི་ལོ་ ༢༠༠༡ ལུ་ བཞེངས་ཡོད་ལུགས་བཤད་ནི་འདུག།
གུ་རུ་གསུང་བྱོནམ་ཟེར་བའི་ མཚན་གནས་ཀྱི་སྐོར།
དེ་ཡང་ ལྷ་ཁང་དེ་ནང་ཡོད་པའི་ གུ་རུ་མཚོ་སྐྱེས་རྡོ་རྗེའི་སྐུ་འདྲ་དེ་ ཧེ་མ་སྤུ་ན་ཁ་ཐང་རྫོང་ནང་ལུ་སྦེ་ བཟོ་བོ་པཉྩ་བདེ་བ་གིས་ བཞེངས་ཡོདཔ་ཨིན་པས། སྤྱིར་བཏང་ སྐུ་འདྲ་དེ་ ར་རྒོད་གནས་ལུ་མེན་པར་ དགོན་ཚེ་ཕུག་ལུ་ཞུ་ནི་སྦེ་ བཞེངས་ཡོད་རུང་། དེ་ཁར་ ཞུ་མ་ཚུགས་པར་ ཕྱག་དང་ཞབས་ཚུ་ སོ་སོར་ཕྱེལ་ཏེ་ཞུ་དགོ་པས་ཟེར་ ཕྱག་དང་ཞབས་གུ་ མཚོན་ཆ་ཕུལ་ནི་འབདཝ་ད་ སྐུ་འདྲ་གིས་ ངེའི་རྐངམ་ལགཔ་ཚུ་བཏོག་མིང་དགོ། ངེའི་ལུང་བསྟན་དེ་ ནུབ་ཕྱོགས་ཁ་ཐུག་ཨིན་ཟེར་ གསུང་བྱོནམ་ཞིན་དུ་ དེ་ཁ་ལས་མི་བཞི་གིས་ཞུ་སྟེ་ སྦྱེ་ལ་གཡུས་ཚན་ཚུན་ བསྐྱལ་ཡོདཔ་ཨིན་པས། དེ་ལས་ སྦྱེ་ལ་གཡུས་ཚན་ནང་ལས་ བྱ་རྒོད་ཀྱིས་ཞུ་སྟེ་ ད་ལྟོའི་གནས་སྒོ་ཚུན་ བསྐྱལ་ཡོདཔ་དང་། འདི་ཁ་ལས་ ར་གིས་ཞུ་སྟེ་ ལྷ་ཁང་ནང་འཛུལཝ་འགྱོཝ་ད་ གུ་རུའི་དབུ་སྒོ་ཁར་ཐོག་སྡོད་དེ་ རྩ་ལས་ བཙུགས་མ་ཚུགས་པར་ དབུ་ཞྭ་ཆག་འགྱོ་ནི་གུ་ཐུག་སྟེ་ དོ་རུང་ སྐུ་འདྲ་གིས་ གཡས་ཟེར་ གསུང་བྱོནམ་ལས་ མཚན་གུ་རུ་གསུང་བྱོནམ་ཟེར་ བཏགས་ཡོད་ལུགས་བཤད་ནི་འདུག། ང་བཅས་རའི་ དཔལ་ལྡན་འབྲུག་པའི་ འབྲུག་རྒྱལ་ཁབ་འདི་ནང་ འདི་བཟུམ་མའི་ ཡ་མཚན་གྱི་གུ་རུའི་སྐུ་འདྲ་གསུམ་ཡོད་ལུགས་ བཤད་ནི་ཡོདཔ་དང་། དེ་ཡང་།
1. སྤ་རོ་སྟག་ཚང་ལུ།
2. དགོན་ཚེ་ཕུག་ལུ།
3. ར་རྒོད་གནས་ལུ།
ཨིན་པས། དགེ་སློང་པདྨ་ནོར་བུ་གིས་འབད་བ་ཅིན་ ད་ལྟོ་ ར་རྒོད་གནས་ནང་བཞུགས་ཡོད་མི་ གུ་རུའི་སྐུ་འདྲ་དེ་གིས་ གསུང་ཚར་གསུམ་བྱོན་ནིའི་ ལུང་བསྟན་ཡོད་ལུགས་བཤདཔ་ཨིན་པས།
རྡོ་ཕུང་དང་རྟགས་ཚན།
ས་གནས་དེ་ཁར་ ལྷ་ཁང་དང་ བྱིན་ཅན་གྱི་ནང་རྟེན་ དེ་ཚུ་གི་མ་ཚད་པར་ གཞན་ཡང་ རྡོ་ཕུང་དང་བྱག་ ཡིད་ཆེ་ཏོག་ཏོ་ཚུ་ ལེ་ཤ་མཇལ་ཚུགས་པས། དེ་ཡང་ དང་པ་ར་ བྱག་གི་རྩ་བའི་འོག་ལུ་ ༡/ ར་དང་བྱ་རྒོད་ཀྱི་གཟུགས་དང་ ཅོག་འཐད་པའི་ རྡོ་ཕུང་འདུག། ༢/ རྡོ་སྦུལ་ཉལ་ས། ༣/ རྡོའི་ལོགས་ལུ་ དུང་དཀར་རང་བྱོན། ༤/ མཁའ་འགྲོ་མའི་བྷ་ག། ༥/ རྡོ་གུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས། ༦/ གུ་རུའི་དབུ་ཞྭ། ཕྱག་འཁར་མཚོ། ༧/ གུ་རུའི་ཞབས་རྗེས། ༨/ རྡོ་གུ་ཕུརཔ། ༩/ དུར་ཁྲོད་བསིལ་བའི་ཚལ། ༡༠/ མཁའ་འགྲོ་མ་ཚུ་ བྲོ་གར་འཁྲབ་ས། ༡༡/ རྡོ་རང་བྱུང་གི་རའི་མགུ་ཏོག། ༡༢/ དབུ་ཞྭ། ༡༣/ རྡོ་རང་བྱུང་གི་བྱ་རྒོད། ༡༤/ གནས་ཀྱི་ལྡེ་མིག་དང་སྒོ་ལྕགས། ༡༥/ གུ་རུའི་ལྷ་ཁང༌། ༡༦/ བླ་མ་ནམ་མཁའི་སྙིང་པོའི་སྒྲུབ་ཕུག་དང་། མཁའ་འགྲོའི་གསང་ཕུག་སྒྲུབ་ཆུ་འབབ་ས། ༡༧/ རྡོའི་ལོགས་ལུ་ སྦུལམོ་ཆེ་བཏུལ་བཏུལཝ། རྡོ་གུ་སྲིན་པོའི་པགས་ཀོ་བརྡལ་བཞག་བཞགཔ། བདུད་བཏུལ་བའི་སྦུལ། རྟ་མཆོག་བྷ་ལ་ཧའི་ཞབས་རྗེས། གུ་རུའི་ཞབས་རྗེས། བདུད་བཏུལ་བཏུལཝ་ཚུ་མཇལ་ནི་འདུག། ༡༨/ ལྷ་ཁང་གི་སྒོ་ཁར་བྱག་གི་ལོགས་ལུ་ མཁའ་འགྲོའི་བརྡ་ཡིག། གཟིག་ དོམ་ སྟག་གི་ཞལ་ཚུ་ཡང་ མཇལ་ནི་འདུག། ༡༩/ གུ་རུའི་ལྷ་ཁང་འོག་མ། འདི་གི་གཡོན་ཧོངས་ཀྱི་སྒྲུབ་ཆུ་ཡོད་སར་འགྱོཝ་ད་ བྱག་གི་རྐེད་པ་ལས་ཕར་ འགྱོ་དགོ་ནི་འདི་གི་ཉེན་ཁ་སྦོམ་འདུག། ༢༠/ ལྷ་ཁང་འདི་གི་འོག་ལུ་གད་པ་ལོགས་ལུ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས། ༢༡/ བྱག་གི་ལོགས་ བླ་མ་ནམ་མཁའི་སྙིང་པོའི་སྒྲུབ་ཕུག། ༢༢/ སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར། ༢༣/ རྡོ་རང་བྱུང་གི་མཆོད་རྟེན། ༢༤/ ལྷ་ཁང་འདི་གི་གཡོན་ཧོངས་ བྱག་གི་ལོགས་ལུ་ བྱ་ཁྱུང་དང་རྒྱལ་པོའི་ཤངས་ཨིན་ཟེར་མཇལ་ནི་འདུག། ལྷ་ཁང་གོང་མའི་ལྟག་ལས་ཡར་ དུམ་གྲ་ཅིག་འགྱོཝ་ད་ ལས་དགེ་སྡིག་ཤན་འབྱེད་ས་དང་ སྒྲུབ་ཆུ་ཚུ་ཡོད་ཟེར་ འདི་ཁར་བཞུགས་མི་ བླམ་དང་ དགེ་སློང་བསོད་ནམས་ལྷ་རྒྱལ། པདྨ་ནོར་བུ་ཚུ་གིས་ བཤདཔ་ཨིན་པས། ལྷ་ཁང་གོང་འོག་གཉིས་ཀྱི་སྦུག་ལུ་ཡོད་པའི་ བྱག་གི་ལོགས་ཀྱི་ཧཱུཾ་ཡིག་དེ་ ང་བཅས་ཚུ་གིས་མཇལ་ཚུགས་པ་ཅིན་ ལས་སྒྲིབ་དག་པའི་རྟགས་མཚན་ཨིན་ཟེར་ བཤད་སྲོལ་ཡོད་དོ་བཟུམ་ བྱག་གི་ལོགས་ལུ་ ཧཱུཾ་སྦོམ་དོད་རིལ་རི་ཅིག་ མཇལ་ནི་འདུག།
བཅུད་དོན།
སྤྱིར་བཏང་ ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ནང་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ མ་འོངས་པའི་ སེམས་ཅན་ ང་བཅས་བཟུམ་ཚུ་གི་དོན་ལུ་ མཐོང་ཐོས་དྲན་རེག་ཙམ་གྱིས་ ངན་སོང་གསུམ་ལས་ ཐར་ཚུགས་པའི་ ཡ་མཚན་ཅན་གྱི་གནས་དང་ འབྱིན་བརླབས་ཅན་གྱི་སྐུ་འདྲ་ལེ་ཤ་ཅིག་ བྱིན་གྱིས་བརླབས་གནང་རུང་། ར་རྒོད་གནས་ནང་ མཇལ་སྲོལ་ཡོད་དོ་བཟུམ་གྱི་ཡ་མཚན་ཆེ་ཏོག་ཏོ་དང་། འབྱིན་བརླབས་ཅན་གྱི་སྐུ་འདྲ་ཚུ་ གནས་གཞན་ཁར་མིན་འདུག། དེ་འབད་ནི་འདི་གིས་ ཁྱད་དུ་འཕགས་པའི་ གུ་རུའི་སྐུ་འདྲ་གསུང་བྱོནམ་དང་། བྱིན་བརླབས་ཅན་གྱི་གནས་ཚུ་མཇལ་ནིའི་ ཐུགས་འདོད་ཡོད་པ་ཅིན་ སྤ་རོ་ར་རྒོད་གནས་ལུ་བྱོན་གནང་།
ཁུངས་གཏུགས་ཀྱི་ཡིག་ཆ།
1. དད་པའི་ས་བོན། གླེག་བམ་དང་པ། (གནམ་ལོ་མེད། ཤོག་གྲངས་༩༧)
2. ར་རྒོད་གནས་ཀྱི་བླམ། སྤྱིར་བཏང་གི་ལོ་རྒྱུས་གསུང་མི།
3. དགེ་སློང་བསོད་ནམས་ལྷ་རྒྱལ། ལྷ་ཁང་ ༡ གོང་མའི་སྐོར་བཤད་མི།
4. དགེ་སློང་པདྨ་ནོར་བུ། ལྷ་ཁང་ ༢ འོག་མའི་སྐོར་བཤད་མི།
དོན་ཚན། རིན་ཆེན་གླིང་གི་ལོ་རྒྱུས།
ངོ་སྤྲོད།
༉ མཁོ་ཐང་ཁ་རིན་ཆེན་གླིང་ཟེར་བའི་ གཡུས་ཚན་དེ་ ཕྱི་མཐའ་འཁོར་ཚུ་ག་ར་ གངས་རི་གིས་བསྐོར། ནང་ལྷ་ཤིང་ཤུགས་པ་གིས་གང་། བར་ན་ བྱ་དང་བྱི་ཅུང་གི་སྐད་དང་། བདུད༌རྩིའི༌ཆུ༌ རྒྱུན་མ་ཆད་པར་ རིམ་གྱིས༌འབབས་ཏེ་ རི༌དྭགས༌སེམས་ཅན་ཚུ་ཡང་ གཅིག་གིས་གཅིག་ལུ་ བྱམས་པ་དང་བརྩེ་བའི་སྒོ་ལས་ བག་འཕེབས་ཏོག་ཏོ་སྦེ་འཁྱམས། འདི་ཁར་ གཞི་ཆགས་ཏེ་སྡོད་མི་ འགྲོ་བ་མི་ཚུ་ཡང་ སེམས་དམ་པའི་ཆོས་ཀྱིས་བཏུལ་ཏེ་ ལུས་དགེ་བ་བཅུ་དང་མཐུན་པའི་ ལཱ་ལུ་བརྩོན་ཏེ་ ཕྱིའི་བྱ་སྤྱོད་དང་། ནང་སེམས་ཁམས་གཉིས་ཆ་ར་ ལྷ་དང་ལྷ་མོ་དངོས་སུ་ཨིན་པའི་ འཚོར་ཉམས་བྱིན་ཚུགས་མི་ མི་ངོམ་ཙང་ཙ་འཛོམས་ཏེ་འདུག།
གཡུས་ཚན་དེ་ འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་། ཨོ་རྒྱན་གུ་རུ་རིན་པོ་ཆེའི་སྦས་གནས། དཀར་བརྒྱུད་ཀྱི་བླམ་ཚུ་གིས་ བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་ རྒྱ་སྦོམ་སྦེ་མཛད་ས། དེ་ལས་ དབེན་པའི་ཡོན་ཏན་ཚུ་ག་ར་ ཚང་སྟེ་ཡོད་པའི་ ས་གནས་ཅིག་ཨིན་པ་གི་མ་ཚད། སྔོན་མཁས་གྲུབ་ཀྱི་བླ་མ་ལེ་ཤ་ཅིག་བྱོན་ཏེ་ དྲན་པ་ཙམ་གྱིས་ ངན་སོང་གསུམ་ལས་ འགྲོལ་ཚུགས་པའི་ ལུང་དང་རྟོགས་པའི་ཆོས་དང་། རེག་པ་ཙམ་གྱིས་ བྱང་ཆུབ་ཀྱི་གོ་འཕང་ འཐོབ་ཚུགས་པའི་ བྱིན་ཅན་གྱི་ལྷ་ཁང་དགོན་སྡེ་ལེ་ཤ་ཅིག་ ཕྱག་བཏབ་མཛད་གནང་ནུག།
གཡུས་ཚན་དེ་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ཀྱི་གདན་ས་ཆེན་པོ་ དབང་འདུས་ཕོ་བྲང་རྫོང་ཁག་འོག་ལུ་ ཆགས་ཏེ་འདུག། རྫོང་ཁག་གི་ཡོངས་འབྲེལ་འཆར་སྒོ་ནང་བཀོད་མི་ གནས་ཚུལ་ཚུ་དང་འཁྲིལ་བ་ཅིན་ རྫོང་ཁག་འོག་ལུ་ རྒེད་འོག་[1]བཅོ་ལྔ་ཡོདཔ་སྦེ་བཀོད་དེ་འདུག། གཡུས་ཚན་དེ་ རྒེད་འོག་དེ་ཚུ་གི་གྲལ་ལས་ སྦྱེས་ནག་རྒེད་འོག་གི་ མངའ་ཁོངས་སུ་ཚུདཔ་ཨིན་པས། གོང་ལུ་བཀོད་ཡོད་དོ་བཟུམ་ གཡུས་ཚན་འདི་ནང་ སྔོན་འབྱོན་རྒྱལ་བ་གོངམ་ཚུ་གིས་ བྱིན་གྱིས་བརླབས་པའི་ སྦས་གནས་ལེ་ཤ་འདུག། ཨིན་རུང་ ད་རེས་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་ལམ་སྟོན་བཀོད་རྒྱ་དང་འཁྲིལ་ཏེ་ ང་གིས་ གཡུས་ཚན་དེ་ནང་ཡོད་པའི་ གནས་དགོན་ཚུ་གི་གྲལ་ལས་ མཁོ་ཐང་ཁ་རིན་ཆེན་གླིང་མཐོ་རིམ་བཤད་གྲྭ་གི་སྐོར་ལས་ ཐོ་བཀོད་འབད་ནི་ཨིནམ་དང་། དེ་ཡང་ རང་གི་རྣམ་དཔྱོད་ཀྱིས་ གང་ལྕོགས་ཐོག་མེན་པར་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ མཛད་བཞག་སྟེ་ཡོད་པའི་ ཚད་ལྡན་གྱི་ཡིག་ཆ་ཚུ་ ལག་ལེན་འཐབ་སྟེ་ འབྲི་ནི་ཨིན།
གཡུས་ཚན་གྱི་འགྲོ་ལམ།
གཡུས་ཚན་དེ་ནང་འགྱོ་ནིའི་དོན་ལུ་ ཤར་ཕྱོགས་ཁ་ཐུག་འགྱོ་སའི་གཞུང་ལམ་ ཡོངས་གྲགས་ལུ་ ཊི་ཀི་ཟམ་པ་ཟེར་སླབ་སའི་ ས་གནས་ཁར་ལྷོདཔ་ད་ སྣུམ་འཁོར་ལམ་གྱི་སྒོར་བཏབ་ཅིག་གུ་ལས་ གཡས་ཁ་ཐུག་ འགྱོ་དགོཔ་ཨིན་པས། ཤར་མཁོ་ཐང་ཁའི་གནས་བཤད་བསྡུས་པ་དད་པའི་མིག་བྱེད། (གནམ་ལོ་མེད། ཤོག་གྲངས་ ༦ པའི་ནང་ལུ་) “ རབ་མཛེས་གཡུ་ཡི་གདངས་འཛིན་ལྷུན་པོས་བསྐོར། །ལྡེམ་ལྡེམ་སྨན་ཤིང་ལྗོན་པ་རྒྱས་པའི་དབུས། །མཚར་སྡུག་འདོད་ཡོན་དཔལ་གྱི་དགའ་སྟོན་འཁྱིལ། །རྨད་བྱུང་མཁོ་ཐང་སྐྱིད་པའི་ཡུལ་ལྗོངས༌གཟིགས།། ” ཟེར་གཡུས་ཚན་དེའི་ ག་ནི་བ་ མཛེས་ཏོག་ཏོ་དང་ སྐྱིད་ཏོང་ཏོ་ཡོད་པའི་སྐོར་ལས་ བསྟོད་རྩོམ་ཅིག་བྲིས་ཏེ་འདུག།
རིན་ཆེན་གླིང་།
ཤར་མཁོ་ཐང་ཁའི་ གནས་བཤད་བསྡུས་པ་དད་པའི་མིག་བྱེད། (གནམ་ལོ་མེད། ཤོག་གྲངས་ ༡༦ པའི་ནང་ལུ་) བཀོད་ཡོད་མི་དང་འཁྲིལ་བ་ཅིན་ ད་ལྟོ་ཡོངས་གྲགས་ལུ་ རིན་ཆེན་གླིང་མཐོ་རིམ་བཤད་གྲྭ་ཟེར་མི་དེ་ མི་ལོ་ ༥༠༠ གི་ཧེ་མར་ཀུན་མཁྱེན་གློང་ཆེན་རབ་འབྱམས་ཀྱིས་ གདན་ས་བཏབ་གནང་པའི་ ལོ་རྒྱུས་བཀོད་དེ་འདུག། ཧེ་མའི་ཀུན་མཁྱེན་གློང་ཆེན་རབ་འབྱམས་ཀྱིས་ གདན་ས་བཏབ་གནང་མི་འདི་ རྩ་མེད་སོང་ཡོདཔ་ལས་ གདན་ས་རྙིངམ་འདི་གུར་ མར་པ་ལོ་ཙཱ་བའི་རྣམ་སྤྲུལ་ གསེར་ཀོང་རྡོ་རྗེ་འཆང་ཚུལ་ཁྲིམས་དོན་ལྡན་དང་། ཨོ་རྒྱན་གུ་རུ་རིན་པོ་ཆེའི་རྒྱལ་ཚབ་ གཏེར་བཏོན་བསོད་ནམས་རྒྱལ་པོ་ ལས་རབས་གླིང་པ་གཉིས་ཟུང་དུ་འཇུག་སྟེ་འབྱོན་པའི་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་བདག་པོ་ ༧ སྐྱབས་རྗེ་བླ་མ་རིན་པོ་ཆེ། དགེ་བཤེས་དགེ་འདུན་རིན་ཆེན་མཆོག་གིས་ ལུང་བསྟན་དང་འཁྲིལ་ཏེ་ དབྱངས་པའི་སློབ་དཔོན་འཆི་མེད་དམ་ མཚན་གཞན་ ཡེ་ཤེས་རིན་ཆེན་མཆོག་གིས་ འགོ་འདྲེན་ཐོག་ལུ་ དུས་རབས་ ༢༠ པ་ རབ་འབྱུང་ ༡༧ པའི་སྤྱི་ལོ་ ༡༩༩༧ གྱི་ལོ་ལུ་ གསར་བཞེངས་ཀྱི་ལཱ་ཚུ་འགོ་བཙུགས་ཡོདཔ་དང་། ལོ་ངོ་གསུམ་གྱི་ནང་འཁོད་ སྤྱི་ལོ་ ༢༠༠༠ རང་ཟླ་ ༥ པའི་ཚེས་བཟང་ལུ་ བཤད་གྲྭ་པ་ཚུ་ལུ་ ཉེ་བར་མཁོ་བའི་དཔེ་མཛོད་ཁང་དང་བཅས་ གསར་སྒྲུབ་མཛད་གནང་ཡོདཔ་མ་ཚད། རང་ཟླ་ ༢ པའི་ཚེས་ ༢ ལུ་ གཙུག་ལག་ཁང་གསར་བཞེངས་སྒྲུབ་པའི་ བཀྲ་ཤིས་རབ་གནས་ཡང་ མཛད་གནང་ཡོད་པའི་ ལོ་རྒྱུས་འདུག།
ཨིན་རུང་ ཧེ་མའི་གདན་ས་རྙིངཔ་འདི་ ད་རེས་དཔེ་མཛོད་ཁང་ཡོད་མི་ ས་ཁོངས་འདི་ནང་ཨིན་པའི་ ལོ་རྒྱུས་བཤད་སྲོལ་ཡོདཔ་དང་། སློབ་དཔོན་ཀུན་བཟང་ཕྲིན་ལས་ཀྱིས་ དད་པའི་ས་བོན་ཟེར་མི་ དཔེ་དེབ་ཀྱི་དོན་ལུ་ བསྡུ་སྒྲིག་འབད་མི་ ཟིན་འབྲི་ནང་ལུ་) བཀོད་ཡོད་མི་དང་འཁྲིལ་བ་ཅིན་ རབ་བྱུང་ ༦ པའམ་ དུས་རབས་ ༡༤ པའི་སྐོར་ཆ་ལུ་ འབྲུག་རྒྱལ་ཁབ་འདི་ནང་བྱོན་མི་ སྔ་འགྱུར་རྙིང་མའི་ཤིང་རྟ་ཆེན་པོ་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གདན་ས་གཙོ་བོ་ གླིང་བརྒྱད་ཡོད་པའི་གྲས་ལས་ གཅིག་ཨིནམ་འབད་ བཀོད་དེ་འདུག།
ཟིན་བྲིས་དང་འཁྲིལ་བ་ཅིན་ མཁོ་ཐང་ཁ་ལུ་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གདན་ས་འདི་ གཅིག་རྐྱངམ་གཅིག་ཡོད་ནི་འདི་གིས་ རིན་ཆེན་གླིང་དང་ པདྨ་གླིང་ཟེར་མི་གཉིས་ཡང་ གཅིག་ཨིནམ་སྦེ་ ཆ་བཞག་དགོཔ་འདུག་ཟེར་གསུངས་ཡོད་པའི་ ཁུངས་གཏུགས་ཀྱི་ཡི་ཆ་དེ། པདྨ་གླིང་པའི་རྣམ་ཐར་འོད་ཟེར་ཀུན་མཛེས་དང་ སྒང་སྟེང་དགོན་པའི་རྡོར་སློབ་བགྲེས་པ་ སློབ་ཕུར་རྒྱས་ཀྱི་ཕྱག་ལུ་ཡོད་མི་ སྔ་འགྱུར་རྙིང་མའི་ཆོས་འབྱུང་ ཡི་གུ་དབུ་མེད་འབད་མི་ནང་ ཀློང་ཆེན་པའི་མཛད་རྣམ་བཀོད་དེ་ཡོད་མི་ལྟར་དུ་འབད་བ་ཅིན་ མཁོ་ཐང་རིན་ཆེན་གླིང་ཟེར་མེན་པར་ མཁོ་ཐང་པདྨ་གླིང་ཟེར་བཀོད་དེ་འདུག། རྩོམ་སྒྲིག་པའི་གནང་མི་ ཟིན་བྲི་ནང་ བཀོད་དེ་འདུག།
ཨིན་རུང་ མི་སྡེ་བརྡ་རྒྱུད་ཕེགས་སྦུག་ཐོག་ཡོད་པའི རྫོང་ཁའི་སྨྱུག་སྡེ་ནང་ལུ་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་རྣམ་ཐར་མདོར་བསྡུས་ ཟེར་མི་ རྩོམ་ཤོག་ནང་ལུ་འབད་བ་ཅིན་ ཀུན་མཁྱེན་ཀློང་ཆེན་རབས་འབྱམས་ཀྱི་གདན་ས་ གླིང་བརྒྱད་བརྩི་ཚུལ་དེ། ཀུ་རེ་སྟོད་ཀུན་བཟང་གླིང་། མེ་ལོག་ཀུན་བཟང་གླིང་། ཤིང་མཁར་བདེ་ཆེན་གླིང་། མོན་ཡུལ་བབ་རོན་ཐར་པ་གླིང་། སྤ་གྲོ་བསམ་གཏན་གླིང་། སྔན་ལུང་འབྲས་བཅགས་གླིང་། སྟངས་ཨོ་རྒྱན་ཆོས་གླིང་། ཁོ་ཐང་རིན་ཆེན་གླིང་། བཅས་བརྩི་ཚུལ་བཀོད་དེ་འདུག།
བཤད་གྲྭ་འགོ་བཙུགས་ཞིནམ་ལས་ ད་ལྟོ་ཚུན་གྱི་གནས་སྟངས།
ད་ལྟོ་ བཤད་གྲྭ་འདི་ནང་ལུ་ སློབ་དཔོན་གོངམ་སྦེ་ཕྱག་ཞུ་བའི་བསྒང་ཨིན་མི་ སློབ་དཔོན་རིན་འཛིན་རྡོ་རྗེ་གིས་འབད་བ་ཅིན་ སྤྱི་ལོ་ ༢༠༠༠ ལས་འགོ་བཙུགས་མི་ མཐོ་རིམ་བཤད་གྲྭ་ནང་ལུ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ དབུ་འཛིན་རིམ་ཐེངས་ ༣ ནང་ལྷོད་ཡོད་པའི་སྐོར་དང་། དབུ་འཛིན་ཚུ་ཡང་ དང་པ་ར་ ད་ལྟོ་ཁྲི་ཐོག་ལུ་ ཚོགས་ཀྱི་སློབ་དཔོན་གྱི་ཕྱག་འགན་བཞེས་ཏེ་བཞུགས་མི་ མཁན་པོ་མཁའ་འགྲོ་དང་། མཁན་པོ་བསྟན་འཛིན་ཆོས་གྲགས། དེ་ལས་ ད་ལྟོའི་དབུ་འཛིན་ མཁན་པོ་གེ་སར་རྡོ་རྗེ། བཅས་གསུམ་ཨིན་པས། དེ་མ་ཚད་ སློབ་དཔོན་ ༡༨ དང་། དགེ་སློང་ཞལ་གྲངས་ ༣༢༠ ཡོདཔ་སྦེ་བཤད་ནི་འདུག།
དུས་མཆོད་འབུམ་སྡེའི་སྐོར།
གོང་གི་སློབ་དཔོན་གོངམ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བཤད་གྲྭ་འདི་ནང་ལུ་ སྤྱིར་འཛམ་བུ་གླིང་རྒྱལ་ཁབ་ག་ར་དང་། ལྷག་པར་དུ་ ང་བཅས་རའི་རྒྱལ་ཁབ་ནང་ མི་དབང་སྐུ་འཁོར་ལྷན་རྒྱས་དང་། སྐྱབས་རྗེ་རིན་པོ་ཆེ་མཆོག། འབྲུག་གི་བློན་ཆེན་དང་། སྤྱིར་བཏབ་མི་སེར་ཚུ་ལུ་ ནད་ཡམས་མུ་གེ་ཚུ་མི་འབྱུང་ནིའི་དོན་ལུ་ ལོ་ཨ་རྟག་ར་ འབྲུག་ཟླ་ ༣ པའི་ཚེས་ ༡༥ ལུ་ ཞབས་དྲུང་རིན་པོ་ཆེའི་སྐུ་མཆོད། འབྲུག་ཟླ་ ༤ པའི་ཚེས་ ༡༥ ལུ་ ས་ག་ཟླ་བའི་དུས་ཆེན། གུ་རུ་རིན་པོ་ཆེའི་དུས་བཟང་ཁྱད་པར་ཅན་ སྤྲེལ་ཟླ་ཚེས་བཅུ་དང་། དྲུགཔ་ཚེས་བཞིའི་དུས་ཆེན། དེ་ལས་ རྒྱལ་བ་ལྷ་ལས་འབབས་པའི་དུས་ཆེན་ཚུ་ རྩི་བསྲུང་ཞུ་ཞིན་ཡོདཔ་མ་ཚད། ལྷག་པར་དུ་ སྟོན་ཟློག་ཟེར་ ཡེ་ཤེས་མགོན་པོའི་ཚེས་བཅུ་ཉིན་གྲངས་ ༣ གི་རིང་ བརྩི་སྲུང་ཞུ་སྲོལ་འདུག།
ཁུངས་གཏུགས་ཀྱི་ཡིག་ཆ།
1. ཤར་མཁོ་ཐང་ཁའི་གནས་བཤད་བསྡུས་པ་དད་པའི་མིག་བྱེད། (གནམ་ལོ་མེད། ཤོག་གྲངས་ ༦-༡༦ པའི་ནང་ལུ་) དཔེ་སྐྲུན་རིན་ཆེན་གླིང་དཔེ་མཛོད།
2. རིན་འཛིན་རྡོ་རྗེ་ འགྲུལ་འཕྲིན་ཐོག་ལུ།
3. སློབ་དཔོན་ཀུན་བཟང་ཕྲིན་ལས་ཀྱི་ཟིན་བྲིས།
4. http://www.wangduephodrang.gov.bt/gewogs?page=1
5.https://www.facebook.com/groups/102752393188250/?ref=share&mibextid=NSMWBT