འགོ་འདྲེན་པ།
སློབ་རིག་ཤེས་ཚད།
ང་གིས་ སྐད་ཡིག་དང་ ལམ་སྲོལ་སློབ་སྦྱོང་སློབ་རིམ་༡༢ པ་དང་། སྔ་འགྱུར་མཐོ་སློབ་ཐེག་དགུ་ལེགས་བཤད་གླིང་བཤད་གྲྭ་ནང་ལས་ ནང་ཆོས་འཛིན་རིམ་༧ པ་ཚུན་ ལྷབ་ཡོདཔ་མ་ཚད། ད་ལྟོ་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ལུ་སྦེ་ སྣ་བསྲེས་སློབ་སྦྱོང་ལས་རིམ་ཐོག་ལུ་ གཙུག་ལག་མཐོ་རིམ་གོང་མའི་ཤེས་ཡོན་ ལྷབ་སྦྱང་འབད་བའི་བསྒང་ཡོད།
ལཱ་གཡོག་གི་ཉམས་མྱོང་།
ང་གིས་ (Centenary Radio) བརྒྱ་འཁོར་བརྒྱང་བསྒྲགས་ཁང་ནང་ ཟླ་ངོ་༣ གྱི་རིང་ རྫོང་ཁའི་གསལ་བཤད་པ་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ དགའ་གླིང་དཔེ་སྐྲུན་ཁང་ནང་ལུ་ རྫོང་ཁའི་རྩོམ་སྒྲིགཔ་དང་འབྲེལ་ དཔེ་དེབ་བཟོ་བཀོདཔ་སྦེ་ ལོ་ངོ་༣ གྱི་རིང་དང་། ཀེ་ཨེམ་ཀྲི་དཔེ་སྐྲུན་ལས་སྡེ་ནང་ལུ་ རྫོང་ཁའི་རྩོམ་སྒྲིགཔ་དང་འབྲེལ་དཔེ་ཆ་བཟོ་བཀོད་པ་སྦེ་ ལོ་ངོ་༣ གྱི་རིང་། དེ་ལས་ ཐིམ་ཕུག་ཁྲོམ་སྡེའི་འོག་གི་ ཀུན་གསལ་ཕོ་བྲང་སློབ་གྲྭ་ཆུང་བའི་ནང་ རྒྱལ་ཡོངས་ཁག་འབགཔ་གི་སློབ་དཔོན་སྦེ་ ལོ་ངོ་༥ གི་རིང་ ཕྱག་ཞུ་ཡི།
ལཱ་ཤུལ་གྲུབ་འབྲས།
ང་གིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ དཔེ་དེབ་༨ དང་། ཞབས་ཁྲ་༣ རྩོམ་བྲིས་འབད་ཡོད་མི་ཚུ་ཡང་། དཔེ་དེབ། ༡/ ཨམ་བྱ་རྫི་མའི་སྲུང་། ༢/ ཨཔ་བཀྲ་ཤིས་བཟའ་ཚང་གཉིས། ༣/ ཡ་རབས་བཟང་པོ། ༤/ མི་ཚེ་དོན་ལྡན་བཟོ་ཐབས་ཀྱི་ལམ་སྟོན། ༥/ བཀྲ་ཤིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་གི་གཡུས་ཚན་ཁག་ཚུ་ནང་ཡོད་པའི་ གནས་དང་ལྷ་ཁང་ཚུ་གི་ངོ་སྤྲོད། ༦/ མེ་ལོང་མཁར་གཡུས་ཚན་གྱི་སྐུ་རིམ་ཟླཝ་༦ པའི་སྐྱེངས་ཀྱི་ལོ་རྒྱུས། ༧/ ཆེ་མ་མེ་ལོང་མཁར་སྤྱི་འོག་ནང་ཡོད་པའི་ ཨར་པོ་འཆམ་གྱི་ལོ་རྒྱུས་ (ཞིབ་འཚོལ་རྩོམ་ཤོག)། ༨/ བློ་གསར་ལས་སློབ་རིམ་པ་དྲུག་པ་ཚུན་གྱི་ལམ་སྟོན་དཔེ་དེབ་ཚུ་ཨིན། ཞབས་ཁྲ། ༡/ འབྲུག་མི་ཡོངས་ཀྱི་སྐྱབས་མཆོག་མི་དབང་གི། (མི་དབང་མངའ་བདག་རིན་པོ་ཆེ་ལུ་བསྟོད་རྩོམ) ། ༢/ གསན་གནང་མས་ (དགའ་མཐུན་གྱི་ཞབས་བྲོ)། ༣/ བཀའ་དྲིན་ཆེ། སློབ་དཔོན་ག་ར་ལུ། (སློབ་དཔོན་གྱི་ཉིནམ་བརྩི་སྲུང་གི་ཞབས་ཁྲ) བཅས་ཨིན།
སྦྱོང་བརྡར།
ང་གིས་ རྫོང་ཁ་སྦྱོང་བརྡར་སྤེལ་ཁང་ནང་ལུ་སྦེ་ གློག་རིག་ཀམ་པུ་ཊར་དང་། རྫོང་ཁ་ཡུ་ནི་ཀོཊ་གི་སྦྱོང་བརྡར་ ཟླ་ངོ་༣ གྱི་རིང་ འབད་ཡོདཔ་མ་ཚད། རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ འགོ་འདྲེན་ཐོག་ལུ་ དགེ་ལེགས་ཕུག་ ཀུན་འབྱུང་འཕྲུལ་རིག་གསར་བཏོད་སྤེལ་ཁང་ནང་ལུ་སྦེ། ཁ་གསོའི་སློབ་སྦྱོང་ ༡/ རྫོང་ཁའི་བརྡ་གཞུང་། ༢/ སྐད་སྒྱུར་གྱི་གཞི་རྟེན་སློབ་སྦྱོང་། ༣/ འབྲུག་གི་ཡིག་བསྐུར་རྣམ་གཞག། ༤/ ཡིག་སྣོད་འཛིན་སྐྱོང་དང་། ༥/ རྫོང་ཁའི་གློག་རིག་གི་སློབ་སྦྱོང་ བདུན་ཕྲག་ ༢ ཀྱི་རིང་ འབད་ཡི། སྤྱི་ལོ་༢༠༢༢ ལུ་ UNESCO MGIEP དང་། Mahatma Gandhi Institute of Education for Peace and Sustainable Development ཟེར་མི་གཉིས་ མཉམ་རུབ་ཐོག་ འགོ་འདྲེན་འཐབ་མི་ The Digital Teacher ཟེར་མི་གི་ སྦྱོང་བརྡར་ཡང་འབད་ཡོད། སྤྱི་ལོ་༢༠༡༩ ལས་༢༠༢༣ ཚུན་ ཤེས་རིག་ལྷན་ཁག་གིས་ དུས་ཐུང་སྦྱོང་བརྡར་ཁག་མ་འདྲཝ་གནང་མི་ཚུ་ནང་ལུ་ཡང་ ང་རའི་ཁ་ཐུག་ལས་ སྤྲོ་བའི་ཐོག་ལས་ བཅའ་མར་གཏོགས་ཡོད།
མཁས་དབང་ཀུན་བཟང་ཕྲིན་ལས་མཆོག་ ཤར་ཕྱོགས་བཀྲ་ཤིས་གཡང་རྩེ་རྫོང་ཁག་ གཡུས་སྟོང་ཞང་ལས་ཨིན་པས། མཁས་དབང་མཆོག་གིས་ གཞུང་གཡོག་ནང་ ལོ་ངོ་ལེ་ཤ་ཅིག་གི་རིང་ ཆེ་རིམ་གྱི་འགོ་གནས་ མ་འདྲཝ་ཚུ་ནང་ ཕྱག་ཞུ་ཡོད་པའི་ ཉམས་མྱོང་ཡོདཔ་མ་ཚད་ རྩོམ་སྒྲིགཔ་དྲག་ཤོས་ཀྱི་ གསོལ་རས་ཡང་ ཚར་ལེ་ཤ་བཞེས་གནང་ནུག།མཁས་དབང་མཆོག་གིས་ རྩོམ་སྒྲིག་གནང་མི་ དཔེ་དེབ་ཚུ་ འབྲུག་རྒྱལ་ཁབ་ནང་ རྐྱངམ་གཅིག་མེན་པར་ རྒྱ་བོད་ཀྱི་རྒྱལ་ཁབ་ཚུ་ནང་ཡོད་པའི་ སློབ་གྲྭ་དང་། བཤད་གྲྭ། དེ་ལས་སྤེལ་ཁང་ཚུ་ནང་ལུ་ཡང་ ཡོད་ན་ཁྱད་ཆོས་པ་དང་། མེད་ན་ཐབས་ཆག་པའི་ གཞི་ཅིག་ལུ་ འགྱུར་ཏེ་འདུག། མཁས་དབང་མཆོག་ ད་རེས་ནངས་པ་ ཀེ་ཨེམ་ཀྲི་དཔེ་སྐྲུན་ལས་སྡེ་ནང་ རྩོམ་སྒྲིག་གཙོ་འཛིན་སྦེ་ ཕྱག་ཞུ་བསྒང་ཨིན་པའི་ཁར་ གུས་རང་ལུ་ཡང་ འབྲེལ་ཡོད་ལཱ་ཚུ་འབད་བའི་སྐབས་ གཞན་ཕན་ཁོ་ན་ལུ་གཟིགས་ཏེ་ ཐུགས་བརྩེ་བའི་སྒོ་ལས་ རྒྱབ་སྐྱོར་ཧྲིལ་བུ་གནང་ཞིན་ཡོད།
སློབ་དཔོན་བསོད་ནམས་བསྟན་འཛིན་འདི་ བུམ་ཐང་རྫོང་ཁག་ གཡུས་ཆུ་སྨད་ལས་ཨིན། སློབ་མཆོག་ལུ་ རྩོམ་སྒྲིག་དང་ བཟོ་བཀོད་ཀྱི་ལཱ་ཚུ་ནང་ ཉམས་མྱོང་སྦོམ་ཡོདཔ་མ་ཚད་ རྩོམ་སྒྲིག་པ་དྲག་ཤོས་ཀྱི་གསོལ་རས་ཡང་ ཚར་ལེ་ཤ་བཞེས་གནང་ཡོདཔ་ཨིན། སློབ་མཆོག་གིས་ རྩོམ་སྒྲིག་དང་ བཟོ་བཀོད་གནང་མི་ དཔེ་དེབ་ཚུ་ འབྲུག་རྒྱལ་ཁབ་ཀྱི་སློབ་གྲྭ་དང་། བཤད་གྲྭ། དེ་ལས་སྤེལ་ཁང་ཚུ་ནང་གི་མ་ཚད་པར་ ཕྱིའི་རྒྱལ་ཁབ་ཚུ་ནང་ལུ་ཡང་ ལག་ལེན་འཐབ་བཞིན་ཡོདཔ་ཨིན། སློབ་མཆོག་ ད་རེས་ ཀེ་ཨེམ་ཀྲི་དཔེ་སྐྲུན་ལས་སྡེ་ནང་ལུ་ རྩོམ་སྒྲིགཔ་དང་གཅིག་ཁར་ བཟོ་བཀོདཔ་སྦེ་ ཕྱག་ཞུ་བསྒང་ཨིནམ་དང་། གུས་རང་ལུ་ཡང་ འབྲེལ་ཡོད་ལཱ་ཚུ་འབད་བའི་སྐབས་ གཞན་ཕན་ཁོ་ན་ལུ་གཟིགས་ཏེ་ ཐུགས་བརྩེ་བའི་སྒོ་ལས་ རྒྱབ་སྐྱོར་ཧྲིལ་བུ་གནང་ཞིན་ཡོད།