ངོ་མིང་ བསྟན་འཛིན་ནོར་བུ་ ང་རང་ སྐད་ཡིག་དང་ ལམ་སྲོལ་སློབ་སྦྱོང་ནང སློབ་རིམ་༡༢ པ་དང་། སྔ་འགྱུར་མཐོ་སློབ་ཐེག་དགུ་ལེགས་བཤད་གླིང་། བཤད་གྲྭ་ནང་ལས་ ནང་ཆོས་འཛིན་རིམ་༧ པ་ཚུན་ ལྷབ་ཡོདཔ་མ་ཚད། ད་ལྟོ་ སྟག་རྩེ་རིག་གཞུང་ མཐོ་རིམ་སློབ་གྲྭ་ནང་ལུ་སྦེ་ སྣ་བསྲེས་ སློབ་སྦྱོང་ལས་རིམ་ཐོག་ལུ་ གཙུག་ལག་མཐོ་རིམ་གོང་མའི་ཤེས་ཡོན་ ལྷབ་སྦྱང་འབད་བའི་བསྒང་ཨིན། ང་གིས་ (Centenary Radio) བརྒྱ་འཁོར་བརྒྱང་བསྒྲགས་ཁང་ནང་ ཟླ་ངོ་༣ གྱི་རིང་ རྫོང་ཁའི་གསལ་བཤད་པ་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ དགའ་གླིང་དཔེ་སྐྲུན་ཁང་ནང་ལུ་ རྫོང་ཁའི་རྩོམ་སྒྲིགཔ་དང་འབྲེལ་ དཔེ་དེབ་བཟོ་བཀོདཔ་སྦེ་ ལོ་ངོ་༣ གྱི་རིང་དང་། ཀེ་ཨེམ་ཀྲི་དཔེ་སྐྲུན་ལས་སྡེ་ནང་ལུ་ རྫོང་ཁའི་རྩོམ་སྒྲིགཔ་དང་འབྲེལ་དཔེ་ཆ་བཟོ་བཀོད་པ་སྦེ་ ལོ་ངོ་༣ གྱི་རིང་། དེ་ལས་ ཐིམ་ཕུག་ཁྲོམ་སྡེའི་འོག་གི་ ཀུན་གསལ་ཕོ་བྲང་སློབ་གྲྭ་ཆུང་བའི་ནང་ རྒྱལ་ཡོངས་ཁག་འབགཔ་གི་སློབ་དཔོན་སྦེ་ ལོ་ངོ་༥ གི་རིང་ ཕྱག་ཞུ་ཡི། ང་གིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ དཔེ་དེབ་༨ དང་། ཞབས་ཁྲ་༣ རྩོམ་བྲིས་འབད་དེ་ཡོད།
༉ སངས་རྒྱས་ཕུན་ཚོགས་ཀྱིས་ སྤྱི་ལོ་༡༩༩༥ ལུ་ ཕྱི་པའི་ཤེས་ཡོན་ སྦྱང་བརྩོན་འབད་ནིའི་དོན་ལུ་ མི་སྡེ་སློབ་གྲྭ་གཅིག་ནང་འཛུལ་ནིའི་ གོ་སྐབས་ཐོབ་ཡོད་རུང་ འདི་ནང་ ཕམ་ཡ་གཅིག་གིས་ ཟད་འགྲོ་བཏང་མ་ཚུགས་པར་ སྤྱི་ལོ་༡༩༩༨ ལུ་ སྒོམ་ཆེན་གྱི་སྡེ་གཅིག་ནང་འཛུལ་ནུག། འདི་ནང་ མི་ལོ་༡༢ དེ་ཅིག་ སྡོད་པའི་ཤུལ་ལུ་ རྟ་ལི་འབྲིང་རིམ་བཤད་གྲྭ་ནང་འཛུལ་ནིའི་ གོ་སྐབས་ཐོབ་ལས་ འདི་ནང་ལས་འབད་ རྟ་མགོ་རྡོར་གདན་བཀྲ་ཤིས་ཐང་ ནང་པའི་གཙུག་ལག་སློབ་གྲྭ་ནང་འཛུལ་ཏེ་ འཛིན་རིམ་༩ པ་ མཐར་འཁྱོལ་བའི་ཤུལ་ལུ་ སྤྱི་ལོ་༢༠༢༠ ལུ་ ལྕགས་རི་སྒྲུབ་སྡེ་ལྟེ་བའི་ནང་ ཕྱག་ཆེན་སྔོན་འགྲོའི་རིམ་པ་ཚུ་ ལོ་ངོ་གཅིག་གི་རིང་ གནང་ཡོདཔ་མ་ཚད། སྤྱི་ལོ་༢༠༢༡ ལས་ སྤུངས་ན་ཁ་སྟོདཔ་མནྜལ་སྒང་ལུ་ ཚེ་རབས་ལས་ཀྱིས་འབྲེལ་བའི་ དྲིན་ཅན་རྩ་བའི་བླ་མ་ སྒྲ་སློབ་སྐུ་བགྲེས་གྲུབ་དབང་སངས་རྒྱས་རྡོ་རྗེ་གི་ཞབས་སར་བཅར་ཏེ་ ཕྱག་ཆེན་ཆོས་དྲུག་གི་ཉམས་ལེན་ ལོ་གསུམ་ཕྱོགས་གསུམ་གྱིས་མཚམས་སྒོ་བསྡམས་ཏེ་འདུག། ད་རེས་ སངས་རྒྱས་ཕུན་ཚོགས་ཀྱིས་ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁའི་རྩོམ་རིག་གོང་འཕེལ་བཏང་ཐབས་ལུ་ དམིགས་ཏེ་ རྩོམ་སྒྲིག་འབད་ཡོད་མི་ འབྲུག་པའི་སྙན་ངག་ ཟེར་མི་དཔེ་དེབ་འདི་ མ་འོངས་པའི་ འགོ་འཁྲིདཔ་ ན་གཞོན་སློབ་ཕྲུག་ཚུ་གི་དོན་ལུ་ རིན་མེད་སྟོངམ་སྦེ་ འབྲི་གོ་འདི་ནང་ བཙུགས་ནི་གི་ གོ་སྐབས་གནང་ཡོད།
མོང་སྒར་རྫོང་ཁག་ ཝི་རིང་ལ་དྲུང་ཁག་ སི་ལམ་སྦིས་རྒེད་འོག་ ཁེངས་སི་ལམ་སྦིས་ལས་ཨིན་མི་ ལས་སྐྱིད་མཁའ་འགྲོ་འདི་ དུང་དཀར་སློབ་གྲྭ་ཆུང་བ་ནང་ལུ་ རྒྱལ་ཡོངས་ཁག་འབགཔ་གི་ སློབ་དཔོན་སྦེ་ ཕྱག་ཞུ་བའི་བསྒང་ཡོདཔ་ཨིན། ལས་སྐྱིད་མཁའ་འགྲོ་གིས་ སྤྱིར་བཏང་སློབ་གྲྭའི་ཤེས་ཡོན་དང་། ལྷག་པར་དུ་ སྤྱི་ལོ་༢༠༠༤ ལས༢༠༡༧ ཚུན་དང་། ང་བཅས་རའི་ ནང་པའི་རིག་གཞུང་ཚུ་ སྦྱང་བརྩོན་འབད་དེ་ རིག་གཞུང་སློབ་དཔོན་གྱི་སློབ་སྦྱོང་ མཐར་འཁྱོལ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༨ ལོར་ སྤ་རོ་ཤེས་རིག་ མཐོ་རིམ་སློབ་གྲྭ་ནང་ལས་ གཙུག་ལག་གཞི་རིམ་གོང་མ་PgDE སྦྱོང་བརྡར་མཐར་འཁྱོལ་ཏེ་ ད་རེས་ནངས་པ་ རྒྱལ་ཡོངས་ ཁག་འབགཔ་སློབ་དཔོན་སྦེ་ ཕྱག་ཞུ་བའི་བསྒང་འདུག། ད་རེས་ ལས་སྐྱིད་མཁའ་འགྲོ་གིས་ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁའི་རྩོམ་རིག་གོང་འཕེལ་བཏང་ཐབས་ལུ་ དམིགས་ཏེ་ རྩོམ་སྒྲིག་འབད་ཡོད་མི་ གཙང་སྦྲ་གི་ཕན་ཡོན་ལྔ་ ཟེར་མི་དང་། དཔེ་བཟང་པོ་ལུ་བལྟ། ཟེར་མི་དཔེ་དེབ་གཉིས་ མ་འོངས་པའི་ འགོ་འཁྲིདཔ་ ན་གཞོན་སློབ་ཕྲུག་ཚུ་གི་དོན་ལུ་ རིན་མེད་སྟོངམ་སྦེ་ འབྲི་གོ་འདི་ནང་ བཙུགས་ནི་གི་ གོ་སྐབས་གནང་ཡོད།
༉ བཀྲ་ཤིས་ཆོས་འཕེལ་ ཁོ་ར་ ཆུང་ཀུའི་བསྒང་ལས་ སློབ་གྲྭ་ནང་འཛུལ་ཏེ་ ཕྱི་ནང་གི་ཤེས་ཡོན་སྦྱངས་བརྩོན་འབད་ཡོདཔ་མ་ཚད་ སྔ་འགྱུར་མཐོ་སློབ་ཐེག་དགུ་ལེགས་བཤད་གླིང་བཤད་གྲྭ་ནང་ལས་ རྒྱ་བོད་ནང་པའི་རིག་གཞུང་གི་ཤེས་ཡོན་དང་། སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལས་ ཤེས་རིག་གཙུག་ལག་གོང་མ་(PgDE) གི་སྦྱོང་བརྡར་ཡང་གནང་སྟེ་ ད་ལྟོ་ ཐིམ་ཕུག་བདེ་ཆེན་ཆོས་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ སློབ་དཔོན་འབད་ ཕྱག་ཞུ་བའི་བསྒང་ཡོདཔ་ཨིན། ད་རེས་ ལས་སྐྱིད་མཁའ་འགྲོ་གིས་ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁའི་རྩོམ་རིག་གོང་འཕེལ་བཏང་ཐབས་ལུ་ དམིགས་ཏེ་ རྩོམ་སྒྲིག་འབད་ཡོད་མི་ ལམ་སྟོན་དཔེ་དེབ་ རྣམ་དབྱེ་བརྒྱད་ཀྱི་ངོ་སྤྲོད་བློ་གསར་འབུང་བའི་སྦྲང་རྩི་ ཟེར་མི་དང་། སྐད་ཡིག་གི་འབྱུང་ཁུངས་ ཟེར་མི་དཔེ་དེབ་གཉིས་ མ་འོངས་པའི་ འགོ་འཁྲིདཔ་ ན་གཞོན་སློབ་ཕྲུག་ཚུ་གི་དོན་ལུ་ རིན་མེད་སྟོངམ་སྦེ་ འབྲི་གོ་འདི་ནང་ བཙུགས་ནི་གི་ གོ་སྐབས་གནང་ཡོད།