རྩོད་གླེང་འབྲི་རྩོམ།
ARGUMENTATIVE ESSAY
རྩོད་གླེང་འབྲི་རྩོམ།
ARGUMENTATIVE ESSAY
འགྲུལ་འཕྲིན་མོ་བཱ་ཡེལ་དེ་ དམ་པའི་ཆོས་ཀྱི་ཁ་ཐུགས་ལས་ མནོ་བསམ་བཏང་པ་ཅིན་ རྣམ་གཡེང་གི་རྒྱུ་ངོ་མ་ཅིག་ཨིན་རུང་ ད་རེས་ནངས་པ་ དུས་རབས་ ༢༡ པའི་དུས་ལུ་ འགྲུལ་འཕྲིན་མོ་བཱ་ཡེལ་འདི་ ཡོད་ན་ཆོག་པ་དང་། མེད་ན་ཐབས་ཆགས་པའི་ གཞི་ཅིག་ཨིན། དེ་འབད་ནི་འདི་གིས་ ང་གིས་ འགྲུལ་འཕྲིན་མོ་བཱ་ཡེལ་གྱིས་ ང་བཅས་ར་མི་མང་དང་། ལྷག་པར་དུ་ ན་གཞོན་སློབ་ཕྲུག་ཚུ་ལུ་ གནོད་པ་ལས་ལྷག་སྟེ་ ཕན་པ་འདུག་ཟེར་མི་གི་སྐོར་ལས་ འབྲི་ནི་ཨིན། དང་པ་ར་ རང་ལུ་ འགྲུལ་འཕྲིན་མོ་བཱ་ཡེལ་འདི་ཡོད་པ་ཅིན་ རང་ནམ་ཁོམས། ནམ་བདེ། ཡོན་ཏན་ལྷབ་སྦྱངས་འབད་ནི་གིས་ གོ་སྐབས་ཡོདཔ་མ་ཚད། ཚུལ་མཐུན་གྱི་སྒོ་ལས་ གཏིང་ཟབ་པ་སྦེ་ ལྷབ་སྦྱངས་འབད་ནི་གིས་ གོ་སྐབས་ཐོབ་ཨིན། དེ་ཡང་དཔེར་ན། ཡིག་སྡེབ་ཅིག་ལུ་ གཞི་བཞག་པ་ཅིན་ ཡི་གུ་འབྲིཝ་ད་ཡིག་སྡེབ་དེ་ གནམ་མེད་ས་མེད་ཁག་ཆེ། ང་བཅས་ར་ཚུ་གིས་ ཡི་གུ་འབྲིཝ་ད་ ཡིག་སྡེབ་དེ་འཛོལ་བ་ཅིན་ དོན་དག་ཆ་ཚང་འཛོལ་ཏེ་གོཝ་ཨིན། དེ་འབད་ནི་འདི་གིས་ ཡིག་སྡེབ་དེ་མ་འཛོལ་བར་ འབྲི་ནི་གི་དོན་ལུ་ ཆ་རོགས་དེ་ ག་གིས་འབདཝ་སྨོ? ཟེར་བ་ཅིན་ འགྲུལ་འཕྲིན་མོ་བཱ་ཡེལ་གྱིས་འབདཝ་ཨིན། དེ་ཡང་ག་དེ་སྦེ་འབདཝ་སྨོ? ཟེར་བ་ཅིན་ རང་གིས་བྲིས་མི་ ཡིག་སྡེབ་དེ་ ཨིན་མེན་ དབྱེ་ཞིབ་འབད་ནི་གི་དོན་ལུ་ དང་ཕུག་བཟུམ་ ཚིག་མཛོད་ཀྱི་དཔེ་དེབ་འབག་མ་དགོ་པར་ འགྲུལ་འཕྲིན་མོ་བཱ་ཡེལ་ནང་ཡོད་མི་ ཚིག་མཛོད་ནང་བལྟ་བ་ཅིན་ ཡིག་སྡེབ་ཚུ་ དོན་དག་དང་སྦྲགས་ཏེ་ འཐོན་འོངམ་ཨིན། འདི་བཟུམ་སྦེ་ དྲན་ཐོ་བཞག་ནི་གི་དོན་ལུ་ཡང་ ཧེ་མ་བཟུམ་སྦེ་ འབྲི་དེབ་དང་སྨྱུ་གུ་འབག་མིང་དགོ། ཁྱོད་ལུ་ འགྲུལ་འཕྲིན་མོ་བཱ་ཡེལ་དེ་ཡོད་པ་ཅིན་ དྲན་ཐོ་བཞག་ནི་གི་དོན་ལུ་ འབྲི་དེབ་དང་སྨྱུ་གུ་གི་ཚབ་བཏུབ་ཨིན། དོ་རུང་ རང་པར་བཏབ་ནི་ལུ་ སྤྲོ་བ་ཡོད་པ་ཅིན་ པར་ཆས་ཀྱི་ཚབ་ཡང་ འགྲུལ་འཕྲིན་མོ་བཱ་ཡེལ་དེ་ཡོད་པ་ཅིན་ བཏུབ་ཨིན།
དོ་རུང་ འཛམ་གླིང་རྒྱལ་ཁབ་ཀྱི་སྐོར་ལས་ གནས་ཚུལ་ཤེས་ནི་གི་དོན་ལུ་ཡང་ ཁྱོད་ལུ་འགྲུལ་འཕྲིན་མོ་བ་ཡེལ་དེ་ཡོད་པ་ཅིན་ བཏུབ་ཨིན། རང་སློབ་ཕྲུག་ཨིན་པ་ཅིན་ ནཝ་ཚཝ་འཕོག་སྟེ་ སློབ་ཁང་ནང་ ལྷོད་མ་ཚུགསཔ་ད་ སློབ་དཔོན་ཚུ་གིས་ སྟོན་གནང་མི་ཚུ་ ཆ་རོགས་ཚུ་ལུ་ དོན་ཚན་དེ་ འགྲུལ་འཕྲིན་མོ་བཱ་ཡེལ་ནང་ པར་བཏབ་བསྐྱལ་གནང་ཟེར་སླབ་སྟེ་ དེ་འཕྲོ་ལས་ ལྷབ་ཚུགས་པའི་ ཁེ་ཕན་སྦོམ་ཡོད། ཨིན་རུང་ མི་ལ་ལུ་ཅིག་གིས་ ཁེ་ཕན་ དེ་ཚུ་ལུ་མ་བལྟ་བར་ ད་ལྟོའི་བར་ན་ཡང་ འགྲུལ་འཕྲིན་མོ་བཱ་ཡེལ་ ལག་ལེན་འཐབ་ནི་དེ་ ལེགས་ཤོམ་མེན་ཟེར་ གཏམ་སླབ་མི་ལེ་ཤ་ཡོདཔ་ལས་ མནོ་རྒྱ་ཆུང་བའི་ བརྡ་མཚོན་སྟོནམ་ཨིན་པས། ང་རའི་ཁ་ཐུགས་ལས་འབད་བ་ཅིན་ འགྲུལ་འཕྲིན་མོ་བཱ་ཡེལ་དེ་ མི་མང་དང་ལྷག་པར་དུ་ སློབ་ཕྲུག་ཚུ་ལུ་ གནམ་མེད་ས་མེད་ཁག་ཆེ་བས། དེའི་ནང་ལས་ཡང་ འགྲུལ་འཕྲིན་མོ་བཱ་ཡེལ་འདི་གིས་ ཕན་པ་ཡོད་མེད་ཀྱི་སྐོར་ མི་མང་དང་། ལྷག་པར་དུ་ སློབ་ཕྲུག་ཚུ་གིས་ སྤྱི་ལོ་ ༢༠༢༠ ལུ་ ལེགས་ཤོམ་འབད་ ཧ་གོ་སྟེ་ཡོད།
དེ་ཡང་ ནད་ཡམས་ཀོ་བིཊ་ ༡༩ ལས་བརྟེན་ ཡོངས་འབྲེལ་ཐོག་ལས་ སློབ་སྟོན་འབད་ནི་ གོ་བཙུགས་པའི་སྐབས་ འགྲུལ་འཕྲིན་མོ་བཱ་ཡེལ་ཡོད་མི་ སློབ་ཕྲུག་ཚུ་གིས་ རྒྱང་མཐོང་སློབ་སྟོན་ལས་རིམ་ནང་ ལེགས་ཤོམ་འབད་ བཅའ་མར་གཏོགས་ཏེ་ རང་ལུ་དགོ་པའི་ཡོན་ཏན་ཚུ་ དུས་རྒྱུན་སློབ་ཁང་ནང་ལུ་ ལྷབ་དོ་བཟུམ་ ལྷབ་ཚུགས་ཡོད་རུང་། འགྲུལ་འཕྲིན་མོ་བཱ་ཡེལ་མེད་མི་ སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་མ་ཚུགསཔ་་ལས་ ཤེས་ཡོན་འདྲ་མཉམ་ ཐོབ་མ་ཚུགས་པར་ དཀའ་ངལ་འབྱུང་ཡི། དེ་འབད་ནི་འདི་གིས་ ང་གིས་ ཁ་ཐུགས་ལས་འབད་བ་ཅིན་ འགྲུལ་འཕྲིན་མོ་བཱ་ཡེལ་འདི་ ང་བཅས་མི་མང་དང་ ལྷག་པར་དུ་ སློབ་ཕྲུག་ཚུ་ལུ་ གནོད་པ་ལས་ལྷག་སྟེ་ ཕན་པ་འདུག་ཟེར་ སྒྲུབ་ཨིན་ནོ།