Editorials‎ > ‎

བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་གྱི་ལེགས་ཉེས།/Tibetan Translation: The Good and Bad of the Tibetan Election Process So Far

posted Sep 22, 2015, 6:14 PM by The Tibetan Political Review   [ updated Sep 22, 2015, 6:20 PM ]



By the editorial board of The Tibetan Political Review 

Originally published in English at http://www.tibetanpoliticalreview.org/editorials/tibetanelectionprocess
 

Tibetan translation also available as a PDF download at the bottom of this page 

  



བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་གྱི་ལེགས་ཉེས།
བོད་ཀྱི་བང་ཆེན་ ༢༠༡༥ ཟླ་བ་ ༩ ཚེས ༡༨ དུས་ཚོད ༨:༤༩༠ ཕྱི་དྲོ།

བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་ཚོགས་ཆུང་གིས་སྤེལ།

སྤྱི་ལོ་ ༢༠༡༥ ཟླ་བ་ ༦ ཚེས་ ༢༤ ཉིན་ཨ་རིའི་གྲོས་ཚོགས་ནང་བོད་དོན་སྐོར་གྲོས་ཆོད་ཅིག་གཏན་འབེབས་གནང་བའི་ནང་༼བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་སྤྲོད་དགོས་དང་སློབ་སྟོན་ཡང་བྱེད་དགོས།༽ཞེས་འབོད་སྐུལ་གནང་ཡོད་པ་རེད། ང་ཚོས་ཤེས་རྟོགས་ལ་འདི་ནི་ད་ལྟ་བར་གཞུང་ཞིག་གིས་བཙན་བྱོལ་བོད་མིའི་འོས་བསྡུར་དོ་སྣང་ཙམ་མ་ཟད་སློབ་སྟོན་དགོས་པའི་འབོད་སྐུལ་གནང་བ་ཐོག་མ་དེ་རེད། འདི་ནས་ཤེས་དགོས་པ་ཞིག་ལ་ང་ཚོའི་འོས་བསྡུའི་ལས་རིམ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་དང་མིག་བལྟ་བྱེད་བཞིན་ཡོད་པ་གསལ་པོ་རེད།

དེར་རྟེན་ད་ལྟ་བར་གྱི་འོས་བསྡུའི་བྱེད་སྒོར་མིག་བལྟ་ཞིག་བྱས་ན། སྲིད་སྐྱོངས་འོས་མི་ཀླུ་མཁར་བྱམས་དང་བཀྲིས་དབང་འདུས་གཉིས་ཀྱི་འོས་བསྡུའི་ལས་རིམ་དང་དྲིལ་བསྒྲགས་ཚུལ་ལྡན་བཞིན་གནང་གི་ཡོད་པ་ལྟ་བུར་མངོན།

ཁོང་གཉིས་ཀྱི་སོ་སོའི་ལངས་ཕྱོགས་ཁ་གསལ་ཡིན་པ་དཔེར་ན། ཆབ་སྲིད་བཙོན་ཟུར་ཀླུ་མཁར་བྱམས་ནི་རང་བཙན་འཐབ་རྩོད་དང་བཀྲིས་དབང་འདུས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་རེད། ང་ཚོའི་རེ་བར་རིང་མིན་ཁོང་གཉིས་ཀྱི་སོ་སོའི་ལངས་ཕྱོགས་ཐོག་བགྲོ་གླེང་ལྷུག་པོ་གནང་གི་ཡོད་པའི་ཡིད་ཆེས་ཡོད།

སྲིད་སྐྱོང་གི་འོས་མིར་བཀྲིས་སྟོབས་རྒྱལ་ཞུ་བ་ཞིག་གིས་ཀྱང་གསལ་བསྒྲགས་གནང་འདུག་ཀྱང་། ཁོང་གི་སྐོར་གནས་ཚུལ་ཁ་གསལ་ཅི་ཡང་མེད་སྟབས་འདིར་བཀོད་ཐབས་བྲལ།

སྲིད་སྐྱོང་གི་འོས་མི་གཞན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་རྣམ་གཉིས་ཡིན་ལ། ཁོང་གཉིས་ཀྱིས་ཁྱབ་བསྒྲགས་བྱེད་ཕྱོགས་ལ་ཏོག་ཙམ་བལྟས་ན་བཙན་བྱོལ་གཞུང་གི་འོས་བསྡུ་ལྷན་ཁང་གི་སྒྲིག་གཞི་གསར་པའི་ལམ་སྟོན་དང་འགལ་འགྲོ་ཡི་ཡོད་པའི་ཐེ་ཚོམས་ཡོད། ད་ལྟ་ང་ཚོས་དཔྱད་པ་བྱེད་སའི་གཞི་ནི་འོས་བསྡུ་ལྷན་ཁང་གི་སྒྲིག་གཞིའི་ནང་ཇི་གསལ་བཞིན་ཡིན།

སྤེན་པ་ཚེ་རིང་དང་བློ་བཟང་སེང་གེ་རྣམ་གཉིས་ནས་༧གོང་ས་མཆོག་གི་སྐུ་པར་བེད་སྤྱོད།

ང་ཚོས་བལྟས་ན་ཁོང་རྣམ་གཉིས་ཀྱིས་འོས་བསྡུའི་ལས་རིམ་ནང་༧གོང་ས་མཆོག་གི་སྐུ་པར་དང། བོད་ཀྱི་རྒྱལ་དར། དེ་བཞིན་བཙན་བྱོལ་བོད་གཞུང་གི་ལས་རྟགས་བེད་སྤྱད་ནས་འོས་བསྡུའི་སྒྲིག་གཞི་དང་འགལ་གྱི་ཡོད་པའི་རྣམ་པ་འདུག དཔེར་ན། སྤེན་པ་ཚེ་རིང་ལགས་དང་བློ་བཟང་སེང་གེ་མཆོག་གི་འོས་བསྡུའི་ཁྱབ་བསྒྲགས་ཆེད་བཟོས་པའི་ངོ་དེབ་(Facebook)ནང་༧གོང་ས་མཆོག་དང་ལྷན་དུ་བསྒྲོན་པའི་སྐུ་པར་མང་པོ་འདུག་ལ་དེ་བཞིན་ལྟེབ་ཤོག་ནང་དུའང་དེ་བཞིན་ཡོད་འདུག

འོས་བསྡུ་ལྷན་ཁང་གི་སྒྲིག་གཞིར་གཞིགས་ན། ༼འོས་གཞིར་ཞུགས་མཁན་སུ་ཐད་ནས་ཀྱང་སྐབས་དོན་སོ་སོར་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་དྲིལ་བསྒྲགས་ཡིག་ཆའི་ཐོག་༧གོང་ས་མཆོག་གི་སྐུ་པར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། དེ་བཞིན་མཚོན་རྟགས་སུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་བོད་ཀྱི་ས་ཁྲ་སོགས་གང་དུ་ཡང་བེད་སྤྱོད་མི་ཆོག༽ཅེས་དང་། གལ་སྲིད་འོས་གཞིར་ཞུགས་མི་སུ་འདྲ་ཞིག་གིས་སྒྲིག་གཞི་དང་འགལ་ཚེ་འོས་མི་དེའི་འོས་གྲངས་ནས་བརྒྱ་ཆ་ ༥ ནུས་མེད་དུ་གཏོང་རྒྱུ་ཡིན། ཞེས་བཀོད་ཡོད།

ང་ཚོས་བལྟས་ནས་སྤེན་པ་ཚེ་རིང་དང་བློ་བཟང་སེང་གེ་གཉིས་ཀྱི་ངོ་དེབ་ནང་དྲིལ་བསྒྲགས་བྱེད་བཞིན་པ་དེ་དག་འོས་བསྡུ་ལྷན་ཁང་གི་སྒྲིག་གཞིའི་འོག་གི་(དྲིལ་བསྒྲགས་ཡིག་ཆ)ལྟ་བུར་ངོས་འཛིན་ཆོག་པ་ཞིག་རེད། ཚོགས་གཙོ་སྤེན་པ་ཚེ་རིང་དང་སྲིད་སྐྱོང་བློ་བཟང་སེང་གེ་རྣམ་གཉིས་སྲིད་སྐྱོང་གི་འོས་མིར་ཞུགས་ཡོད་སྟབས་ཁོང་གཉིས་ཀྱི་ལས་ཁུངས་ཀྱི་བྱེད་སྒོ་དང་འོས་བསྡུའི་ཆེད་དྲིལ་བསྒྲགས་དབར་དབྱེ་བ་འབྱེད་དཀའ། དེར་རྟེན་ཁོང་གཉིས་ཀྱིས་ཐད་ཀར་༼ང་ལ་འོས་འཕེན།༽ཞེས་བརྗོད་ཀྱི་མེད་ཀྱང་གཞུང་འབྲེལ་ལས་རིམ་དང་གཞུང་འབྲེལ་ཕྱོགས་སྐྱོད་སོགས་འོས་བསྡུའི་ལས་གཞི་ལྟ་བུར་གྱུར་སྲིད་པ་ཡིན།

ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཐད་ཀར་འབྲེལ་མེད་ཀྱི་དྲིལ་བསྒྲགས་ཆེད་ངོ་དེབ་(unofficial” Facebook campaign page)ཞིག་འདུག དེའི་ནང་དུ་གསལ་བཤད་བྱས་པར་གཞིགས་ན། ངོ་དེབ་དེ་(རྒྱབ་སྐྱོར་བས་མཇུག་མཐུད།)བྱས་པ་ཞིག་རེད་ཅེས་བཀོད་འདུག དེའི་དོན་ཅི་ཡིན་ཁ་གསལ་མི་འདུག སྲིད་སྐྱོང་མཆོག་ནས་ཀྱང་དེའི་སྐོར་ཁ་གསལ་གྱི་གསལ་བཤད་དང་འགྲེལ་བརྗོད་གནང་མེད་སྟབས། དྲིལ་བསྒྲགས་ངོ་དེབ་དེ་དང་ཁོང་གི་འོས་བསྡུའི་དྲིལ་བསྒྲགས་གཉིས་དབར་འབྲེལ་བ་ཡོད་པའི་ཚོད་དཔག་བྱས་ན་མི་རན་པ་མེད།

དེར་རྟེན་གོང་གི་གནད་དོན་དེ་དག་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་པའི་རྣམ་པ་གསལ་པོ་འདུག དེ་ལྟར་ལགས་ན་འོས་གཞིར་བཞུགས་མི་སུ་འདྲ་ཞིག་གིས་༧གོང་ས་མཆོག་གི་སྐུ་པར་དང། བོད་ཀྱི་རྒྱལ་དར། བཙན་བྱོལ་གཞུང་གི་ལས་རྟགས་བེད་སྤྱད་ན། འོས་གྲངས་ཇི་ཐོབ་ནས་བརྒྱ་ཆ་ ༥ ནུས་མེད་གཏོང་གི་ཡིན་ཞེས་སྒྲིག་གཞིའི་ནང་བཀོད་འདུག

འོན་ཀྱང་བཙན་བྱོལ་གཞུང་གི་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་ནས་སྒྲིག་གཞི་དེ་དག་ཇི་ལྟར་ལག་ལེན་གང་འདྲ་གནང་མིན་མི་དམངས་ཀྱིས་རིང་མིན་རྟོགས་ཐུབ་ངེས་ཡིན།

སྤེན་པ་ཚེ་རིང་དང་བློ་བཟང་སེང་གེ་རྣམས་གཉིས་ནས་གཞུང་གི་དཔལ་འབྱོར་བེད་སྤྱོད་གནང་མིན་སྐོར།

འོས་བསྡུ་ལས་ཁུངས་ཀྱི་སྒྲིག་གཞིའི་ནང། འོས་མི་སུ་ཞིག་གིས་ཀྱང་གཞུང་གི་ལས་བྱེད་དང་རྒྱུ་དངོས་སོགས་བེད་སྤྱོད་མི་ཆོག་ཅེས་གསལ་ཡོད། སྒྲིག་གཞི་འདི་ད་ལྟ་གཞུང་ནང་གོ་གནས་བཟུང་མཁན་རྣམས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་ཆེད་གཞུང་གི་རྒྱུ་དངོས་བེད་སྤྱོད་མི་གཏོང་བའི་དོན་དུ་བཟོས་པ་རེད།

སྒྲིག་གཞི་འདི་དང་འགལ་བའི་ལས་གཞི་ད་ལྟ་སྤེལ་བཞིན་ཡོད་པའི་དོགས་པ་ཡོད། དཔེར་ན། སྲིད་སྐྱོང་འོས་མི་བཀྲིས་དབང་འདུད་ནས་འཕྲོད་རྟེན་ལས་ཁུངས་ཀྱི་ཕྱག་ལས་གནང་ཕྱོགས་སྐོར་རྐྱོན་བརྗོད་བྱས་པ་རེད། ཚུལ་མཐུན་འགྲོ་ལུགས་བྱས་ན། ད་ལྟ་གོ་གནས་འཛིན་མཁན་ཚོས་སོ་སོའི་འོས་བསྡུའི་དྲིལ་བསྒྲགས་ལས་རིམ་གྱི་ཆ་ཤས་ལྟར་སྲིད་ཇུས་སྲུང་སྐྱོབ་གསལ་བཤད་བྱེད་རྒྱུ་དེ་རེད།

ཡིན་ན་ཡང། བཙན་བྱོལ་བོད་གཞུང་གི་དྲ་ཚིགས་(Tibet.net)་བེད་སྤྱད་ནས་འཕྲོད་སྟེན་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་བརྒྱུད་བཀྲིས་དབང་འདུས་ཀྱི་རྐྱོན་བརྗོད་བྱས་པ་དེ་ཁུངས་མེད་བསྙོན་འཛུགས་“false allegation”ཞིག་རེད་སྤེལ་འདུག འདི་འོས་བསྡུའི་སྒྲིག་གཞི་ལས་འགལ་བ་མ་ཡིན་ནམ། བཀའ་ཤག་གི་ལམ་སྟོན་འོག་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་ཅིག་ནས་ལན་འདེབས་བྱས་པ་ཞིག་ཡིན་ནམ། ཡང་ན་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་ཅིག་གིས་སོ་སོས་དང་བླངས་ངང་ལན་བརྒྱབ་པ་ཞིག་ཡིན། གལ་སྲིད་བཀའ་ཤག་བཀའ་དགོངས་བརྒྱུད་ལན་འདེབས་བྱས་པ་ཡིན་ན་སྲིད་སྐྱོང་མཆོག་འོས་མི་ཞིག་ཡིན་པའི་ཆ་ནས་ལན་འདེབས་བྱེད་དགོས་པ་ལས། ལས་ཁུངས་ཀྱི་མཐུན་རྐྱེན་བེད་སྤྱད་ནས་ལན་བརྒྱབ་པ་དེ་ཚུལ་མཐུན་ཞིག་ཏུ་མ་མངོན།

བློ་ཕམ་པ་ཞིག་ལ་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་ནས། ༼ང་ཚོར་མཐུན་རྐྱེན་མེད་སྟབས་འདི་ལྟ་བུའི་གནད་དོན་ཚང་མར་ཞིབ་འཇུག་བྱེད་རྒྱུ་ཤིན་ཏུ་དཀའ་བ་མ་ཟད། འཕྲོད་སྟེན་ལས་ཁུངས་ཀྱི་གསལ་བཤད་དེ་འདྲ་བྱེད་དགོས་པའི་རྒྱུ་མཚན་ང་ཚོས་ཤེས་ཀྱི་མེད།༽ཅེས་བརྗོད་འདུག གལ་སྲིད་སྒྲིག་གཞི་ལག་ལེན་བྱེད་ཐུབ་ཀྱི་མེད་ན་ཅིའི་ཕྱིར་བཟོས་པ་ཡིན་ནམ། འོས་བསྡུ་ལས་ཁུངས་ནས་ཁོང་ཚོས་གཏན་འབེབས་བྱས་པའི་སྒྲིག་གཞི་རྣམས་འདེམ་སྒྲུག་བྱས་ནས་ལག་ལེན་བྱེད་ཀྱི་མེད་པའི་རེ་བ་ཞུ་བཞིན་ཡོད།

ཡང་སྤེན་པ་ཚེ་རིང་ལགས་ནས་ཉེ་བའི་འཆར་ཨ་རིའི་ས་ཁུལ་ཁག་མང་པོ་དང་། ཡུ་རོབ། དེ་བཞིན་རྒྱ་གར་གྱི་ས་ཁུལ་ཁག་ལ་གཞུང་འབྲེལ་བསྐོར་སྐྱོད་ལ་ཕེབས་ཡོད་པ་རེད། འོས་བསྡུའི་སྒྲིག་གཞིའི་ནང་ད་ལྟ་གོ་གནས་བཟུང་མཁན་ཞིག་གི་གཞུང་འབྲེལ་བསྐོར་སྐྱོད་སྐབས་དྲིལ་བསྒྲགས་དང་འབྲེལ་བའི་གཏམ་བཤད་བྱེད་མི་ཆོག་ཅེས་བཀོད་འདུག དེར་རྟེན་སྤྱི་ཁྱབ་འོས་བསྡུ་ལས་ཁུངས་ནས་ཕྱོགས་བསྐྱོད་སྐབས་གཞུང་འབྲེལ་གཏམ་བཤད་དང་འོས་བསྡུའི་དྲིལ་བསྒྲགས་གཏམ་བཤད་དབར་ཁྱད་པར་ཇི་བཞིན་གསལ་པོ་བཟོ་དགོས། དེའི་རྗེས་གཞུང་འབྲེལ་ཕྱོགས་སྐྱོད་སྐབས་དྲིལ་བསྒྲགས་དང་འབྲེལ་བའི་གཏམ་བཤད་བྱས་ན་སྒྲིག་གཞི་ལྟར་ཉེས་པ་གཏོང་དགོས་པ་ཡིན།

སྤེན་པ་ཚེ་རིང་ལགས་ནས་སྲིད་སྐྱོང་བགྲོ་གླེང་ནང་མཉམ་ཞུགས་བྱེད་ཀྱི་མིན་ཟེར།

ཉེ་བའི་ཆར་རྒྱ་གར་ལྷོ་ཕྱོགས་དུ་ཡོད་པའི་སེ་ར་དགོན་པའི་ནང་སྤེན་པ་ཚེ་རིང་ལགས་ནས་གཏམ་བཤད་གནང་བའི་ནང། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་གྱི་སྲིད་སྐྱོང་གི་འོས་མི་སུ་འདྲ་ཞིག་གི་མཉམ་དུ་བགྲོ་གླེང་རྩ་བ་ནས་བྱེད་ཀྱི་མིན་ཞེས་བརྗོད་འདུག འོས་མི་དེ་སུ་ཡིན་གསལ་བར་བཤད་ན་སྐུ་ཞབས་ཀླུ་མཁར་བྱམས་ལགས་ཡིན་ངེས་རེད།

གཏམ་བཤད་དེ་ཐད་ཀར་གསན་མཁན་སྐུ་ཞབས་ཞིག་གིས་དྲྭ་ཚིགས་ནང་བཀོད་གསལ། ༼གྲྭ་དམངས་ཚོས་སྐུ་ངོའི་གདོང་པ་ལ་ཅེར་ནས་ཡིད་ཆེས་ལ་མ་ཆེས་དང་རང་གི་རྣ་མཆོག་འཁྲུལ་བ་ཞིག་ཨེ་ཡིན་སྙམ་ནས་ཐེ་ཚོམ་དུ་གནས་བཞིན་པའི་མོད་ལ།༽ དང་། ༼འོན་ཀྱང་ངེད་ཅག་སེ་རའི་གྲྭ་པ་ཚོ་བློ་མིག་དོག་དྲགས་ནས་ཀླུ་མཁར་བྱམས་མི་ཤོང་བ་ཞིག་མིན་ལ། དད་སེམས་ཆེ་དྲགས་ནས་རང་བཙན་འཐབ་རྩོད་པ་ཚོ་དགྲ་བོ་ལྟ་བུ་ཞིག་ལ་ཆ་འཇོག་བྱེད་ཀྱིན་མེད། ངེད་ཅག་གི་ཁོག་རྒྱ་དང་དད་སེམས་དེ་སྐུ་ངོས་རྒྱུས་མ་ལོན་པ་འདྲ།༽ཞེས་བྲིས་འདུག

སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་མོལ་དེ་མགོ་རྙོག་ཅན་ཞིག་རེད། སྤྱིར་སྤེན་པ་ཚེ་རིང་ལགས་ལ་མི་སུ་འདྲ་ཞིག་དང་སྐད་ཆ་བཤད་རྒྱུ་དང་མི་བཤད་རྒྱུའི་ཐོབ་ཐང་ཡོད་པ་ཞིག་རེད། འོན་ཀྱང་གལ་སྲིད་ཁོང་གིས་སྐད་ཆ་བཤད་རྒྱུ་མིན་པའི་རྒྱུ་མཚན་དེ་༧གོང་ས་མཆོག་ལ་མཚན་སྨད་ཞུས་པ་ཙམ་གྱིས་ཡིན་ན། སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་ནག་གུང་ཁྲན་ལ་སྐད་ཆ་བཤད་རྒྱུ་ཡིན་ནམ་མིན། གང་ལགས་ཞེ་ན། རྒྱ་གཞུང་ནས་༧གོང་ས་མཆོག་ལ་རྒྱུན་ལྡན་གྱི་མཚན་སྨད་ཞུས་པ་ཙམ་མ་ཡིན་པར་ཚད་ལས་འགལ་བའི་ཚིག་ངན་བེད་སྤྱད་ནས་དམའ་འབེབས་དང་མཐོང་ཆུང་ཁྱད་གསོད་ཞུས་དང་ཞུ་བཞིན་པ་རེད།

མི་འགའ་ཞིག་གིས་བརྗོད་གསལ། སྤེན་པ་ཚེ་རིང་ལགས་ནས་བཀའ་མོལ་དེ་ལྟར་གནང་དོན་ནི་སེ་རའི་གྲྭ་བ་ཚོའི་བློ་འགུག་ཐབས་ཡིན་ལུགས་དང། ཡང་འགའ་ཞིག་གིས་སྤེན་པ་ཚེ་རིང་ལགས་ཀླུ་མཁར་བྱམས་དང་ཐད་ཀར་བགྲོ་གླེང་བྱེད་འདོད་མེད་སྟབས་རེད་ཅེས་ཀྱང་བརྗོད་བཞིན་འདུག རྒྱུ་མཚན་ཇི་བཞིན་ལ་མ་ལྟོས་པར་སྤེན་པ་ཚེ་རིང་ལགས་ནས་ཁོ་བོ་རང་ཉིད་ཀྱི་འོས་བསྡུའི་དྲིལ་བསྒྲགས་ལ་ཕན་མེད་ཀྱི་གྲིབ་ནག་ཞིག་བསྐྲུན་པ་རེད།

ང་ཚོའི་བསམ་པར་སྤེན་པ་ཚེ་རིང་ལགས་མཉམ་བཞུགས་བྱས་རུང་མ་བྱས་རུང་སྲིད་སྐྱོང་གི་བགྲོ་གླེང་ཚོགས་རྒྱུ་ཧ་ཅང་གལ་ཆེ།

སྤྱི་ཁྱབ་འོས་བསྡུ་ལས་ཁུངས་ནས་སྨྲ་བརྗོད་རང་དབང་ལ་དོ་ཕོགས།

འོས་བསྡུ་ལས་ཁུངས་ཀྱི་སྒྲིག་གཞི་གསར་པའི་ནང་གཞུང་འཛིན་མ་ཡིན་པའི་ཚོགས་པ་ཁག་ལ་(གཞུང་གི་ངོས་འཛིན་ཡོད་མེད་ལ་བརྟེན་)སྨྲ་བརྗོད་རང་དབང་མི་འདྲ་བ་འདུག དཔེར་ན། གཞུང་གི་ངོས་འཛིན་ཡོད་པའི་ཚོགས་པ་“recognized association”ཞིག་གིས་སོ་སོའི་འོས་མིའི་དྲིལ་བསྒྲགས་ཆེད་འགྲོ་སོང་བཏང་ན། འགྲོ་སོང་དེ་འོས་མི་རེར་འོས་བསྡུ་ལས་ཁུངས་ནས་གཏན་འབེབས་བྱས་པའི་འགྲོ་མགྲོན་ཁོངས་སུ་བརྩི་ཡི་མེད། ཡིན་ན་ཡང་གཞུང་གིས་ངོས་འཛིན་མེད་པའི་“unrecognized association”ཚོགས་པ་ཞིག་གིས་འོས་མི་ཞིག་གི་ཆེད་འགྲོ་སོང་བཏང་ན་འོས་མི་དེའི་དྲིལ་བསྒྲགས་འགྲོ་སོང་ནང་བརྩི་དགོས་ཀྱི་ཡོད།

ཚོགས་པ་ངོས་འཛིན་འདི་བཀའ་ཤག་ནས་གནང་གི་ཡོད་པ་འདྲ་པོ་ཡོད་ཀྱང་། དོན་དམ་པར་དེ་འདྲ་མ་རེད། བཀའ་ཤག་ལ་ཚོགས་པ་ངོས་འཛིན་གནང་ཕྱོགས་ཀྱི་ལམ་སྟོན་གསལ་པོ་གང་ཡང་མེད་པ་རེད། ད་ལྟ་ངོས་འཛིན་ཡོད་ཅེས་པའི་ཚོགས་པ་རྣམས་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པ་ཡིན་སྐབས་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་སྐབས་གཞུང་གི་མགྲོན་བརྡ་སུ་ལ་བཏང་མིན་ལ་རྟེན་ནས་(ངོས་འཛིན་)ཡོད་པ་དང་མེད་པ་ཆགས་པ་ལྟ་བུ་རེད། ཡིན་ན་ཡང་། བོད་གཞུང་སྤྱི་ཁྱབ་འོས་བསྡུ་ལས་ཁུངས་ནས་ཚོགས་པ་ཁག་གི་དབར་འོས་བསྡུ་དྲིལ་བསྒྲགས་བྱེད་ཕྱོགས་ཐད་དབྱེ་བ་བཅད་པ་ནི་དྲང་བདེན་དུ་རྩ་བ་ནས་མ་མངོན།

དཔེར་ན། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ་ངོས་འཛིན་ཡོད་པའི་ཚོགས་པ་ཞིག་ཡིན་སྟབས། ཁོང་ཚོའི་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་དང་བློ་བཟང་སེང་གེ་རྣམས་གཉིས་ཀྱི་དྲིལ་བསྒྲགས་ཆེད་འགྲོ་སོང་ཇི་ཙམ་བཏང་ཡང། ཁོང་གཉིས་སྲིད་སྐྱོང་ཡིན་པའི་ཆ་ནས་འོས་བསྡུ་ལས་ཁུངས་ནས་གཏན་འབེབས་གནང་བའི་འགྲོ་སོང་ཧིན་སྒོར་ ༨༠༠༠༠༠ ནང་ཚུད་ཀྱི་མེད། ཡིན་ན་ཡང། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ངོས་འཛིན་མིན་པའི་ཚོགས་པ་ཡིན་སྟབས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་ཆེད་འགྲོ་སོང་བཏང་ན། དངུལ་འབོར་དེ་ཀླུ་མཁར་བྱམས་ཀྱི་སྲིད་སྐྱོང་འོས་བསྡུའི་དྲིལ་བསྒྲགས་ཀྱི་འགྲོ་མགྲོན་ནང་བརྩི་དགོས་ཀྱི་ཡོད་པ་རེད། དེར་རྟེན་འོས་བསྡུ་ལས་ཁུངས་ནས་ཚོགས་པ་ཁག་གི་བར་ངོས་འཛིན་ཡོད་མིན་ལ་བརྟེན་སྨྲ་བརྗོད་རང་དབང་གི་དབྱེ་བ་སྤྱད་ཡོད་པ་རེད།

བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ནས་འོས་བསྡུ་ལས་ཁུངས་སུ་དེའི་སྐོར་ཕྱག་བྲིས་ཕུལ་ཡོད་ཀྱང་། བློ་ཕམ་པ་ཞིག་ལ་འོས་བསྡུ་ལས་ཁུངས་ནས་ཚོགས་པ་ཁག་གི་བར་ཐོབ་ཐང་དབྱེ་བ་སྤྱད་མིན་སྐོར་གསལ་བཤད་མ་གནང་བར། ཚོགས་པ་ངོས་འཛིན་བྱེད་རྒྱུའི་ཐོབ་ཐང་ཁོང་ཚོར་མེད་ཚུལ་གསུངས་འདུག་ལ། གལ་སྲིད་ངོས་འཛིན་དགོས་ན་བཀའ་ཤག་ལ་སྙན་ཞུ་ཕུལ་ཞེས་ལམ་སྟོན་གནང་འདུག དེ་ཙམ་མ་ཟད་འོས་བསྡུ་ལས་ཁུངས་ཀྱི་སྒྲིག་གཞི་གསར་པ་དེ་ལྟ་བུ་ཞིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྔོན་ནས་བྱུང་མ་མྱོང་བ་དང་། སྒྲིག་གཞི་དེའི་འོག་ངོས་འཛིན་མེད་པའི་ཚོགས་པ་འགའ་ཤས་ལ་འོས་བསྡུའི་དྲིལ་བསྒྲགས་རྒྱབ་སྐྱོར་བྱེད་ཕྱོགས་ཐོག་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།

འཇུག་སྡོམ།
ང་ཚོས་ཚོད་དཔག་བྱས་ན། བཙན་བྱོལ་བོད་མིའི་འོས་བསྡུ་འདིར་དཀའ་ངལ་དང་གདོང་ལེན་འགའ་ཞིག་འཕྲད་ཀྱི་རེད། དཔེར་ན། གཞུང་འབྲེལ་ཕྱོགས་སྐྱོད་དང་འོས་བསྡུའི་དྲིལ་བསྒྲགས་ཆེད་ཕེབས་པའི་དབར་དབྱེ་བ་ཇི་ལྟར་འབྱེད་དམ། གཞུང་འབྲེལ་དྲྭ་ཚིགས་སོགས་བེད་སྤྱད་ནས་ད་ལྟ་གཞུང་འཛིན་པས་འོས་བསྡུའི་ཆེད་དྲིལ་བསྒྲགས་བེད་སྤྱོད་གང་འདྲ་བྱེད་ཀྱི་རེད་དམ། རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་གྱི་མི་ཞིག་སྲིད་སྐྱོང་འོས་མིར་ལངས་ན་ཁོང་༧གོང་ས་མཆོག་ལ་ཁ་གཏད་པ་རེད་ཅེས་དབྱེ་འབྱེད་བྱེད་སྲིད་པ་མ་རེད་དམ།

འདི་ཚོ་ཚང་མ་བཀྲིས་པའི་སྔོན་དཔག་མ་རེད། འོན་ཀྱང་སྤེན་པ་ཚེ་རིང་དང་བློ་བཟང་སེང་གེ་རྣམ་གཉིས་ཀྱིས་གནང་སྟངས་ཁག་དང་འོས་བསྡུ་ལས་ཁུངས་ཀྱི་ལྷོད་དལ་དང་དལ་ཁོམ་ལ་བརྟེན་ནས་འདི་དག་འབྱུང་བཞིན་པར་མངོན།

ལེགས་པའི་ཆ་ཞིག་ལ་ཀླུ་མཁར་བྱམས་དང་བཀྲིས་དབང་འདུས་རྣམ་གཉིས་ཀྱི་ད་བར་འོས་བསྡུའི་དྲིལ་བསྒྲགས་ཅུང་ལེགས་པོ་དང་ཚུལ་ལྡན་ངང་གནང་གི་ཡོད་པར་སྣང་། སྲིད་སྐྱོང་གི་འོས་མི་གཞན་རྣམས་ཀྱིས་ཀྱང་འོས་བསྡུའི་སྒྲིག་གཞི་དང་མ་འགལ་བར་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་གལ་ཆེ། ང་ཚོས་དེ་བཞིན་སྤྱི་ཁྱབ་འོས་བསྡུ་ལས་ཁུངས་ནས་ཀྱང་སྒོ་ཀུན་ནས་འོས་བསྡུའི་སྒྲིག་གཞི་ཆ་ཚང་ལག་བསྟར་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད།






Share on Facebook, Twitter, Google+, Etc.


Facebook Twitter Email Google+ Addthis





Ċ
The Tibetan Political Review,
Sep 22, 2015, 6:19 PM
Comments