བསླབ་བྱ་ལེའུ་དགུ་པ།
འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས།
ལྟ་ལུགས་གཅིག་ལ་རིག་ཀྱང་རིག་གཅིག་འདུག
ཕ་ཡིས་བུ་དང་བུ་ཡིས་ཕ་བྱེད་པ།
དེ་འདྲ་བསམ་ན་ཐུང་ཐུང་ག་ནས་ཡིན།
མ་བསམས་གྱུར་ན་ཕ་བུའི་དམ་ཚིག་ཉམས།
དམ་ཉམས་ལག་ལེན་སྡང་བའི་དགྲ་ལ་འགྱུར།
ཕྲུ་གུ་ཕ་མ་མེད་པ་མི་སྲིད་ཀྱང་།
ལག་ཐོག་སྟོན་རྒྱུ་ཡོད་པ་རེ་རེ་ཙམ།
ཚེ་སྟོད་ཡོད་ཀྱང་ཚེ་སྨད་མེད་པ་མང་།
ཕ་བུའི་དམ་ཚིག་བསྲུང་ནས་བསྲུངས་པ་དགའ།
དུས་ཚོད་ཆུ་ཚོད་མ་འགྱངས་གྲོལ་ནས་འགྲོ།
འཐུས་ཤོར་མེད་པར་བུ་ལ་ཡོན་ཏན་སློབས།
ཡོན་ཏན་ཀུན་གྱི་རྩ་བ་ཡི་གི་དང་།
ཡོན་ཏན་ཡོངས་ཀྱི་རྒྱལ་པོ་ཡི་གི་རེད།
ཕྲུ་གུའི་ཡི་གི་གསེར་ཁྲིའི་སྟེང་དུ་སྐྱོལ།
མི་ཕོའི་ཡི་གི་སྟག་གདན་སྟེང་དུ་འཇོག
བླ་མའི་ཆོས་རར་ཡི་གི་མེ་ལོང་རེད།
ཡིག་ཡོད་མིག་ཡོད་མཁས་པ་སྤྲུལ་པའི་རྒྱུད།
ཡིག་ཡོད་མིག་ཡོད་ལོང་བ་ལྐུགས་པའི་རྒྱུད།
ཀྱོག་ཀྱོག་ཡི་གི་གཞུ་ལྟར་འཁྱོག་གྱུར་ཀྱང་།
དོན་རྩ་མདའ་ལས་འདྲོང་བ་དེ་རུ་ཚང་།
ཡོན་ཏན་རིན་ཆེན་དགོས་འདོད་ཀུན་འབྱུང་རེད།
དགོས་འདོད་རིན་ཆེན་དགོས་འདོད་ཀུན་འབྱུང་རེད།
དགོས་འདོད་ཀུན་འབྱུང་དགོས་འདོད་ཐོགས་པ་མེད།
དོན་དུ་མི་ལ་ཡོན་ཏན་ཚང་བ་དགོས།
ནོར་རྫས་མཚམས་རེ་སོང་འགྲོ་མཚམས་རེ་ཡོང་།
ནོར་ལ་བསྐྱུར་བརླག་རྐུན་མས་འཁྱེར་བའི་ཉེན།
ཡོན་ཏན་རིན་ཆེན་འཛད་མེད་ཕུགས་ཀྱི་གཏེར།
ན་སོ་གཞོན་དུས་བུ་ལ་སྦྱོང་ཐར་སློབས།
ན་སོ་ལོངས་ནས་བསླབ་དགོས་མེད་པ་གྱིས།
ལྕང་གསར་གཞོན་དུས་འདྲོངས་ན་འདྲོངས་པ་རེད།
ལྕང་རྒན་སྲོང་སྲོང་མང་ན་ཆག་པའི་ཉེན།
ངན་པའི་མི་དང་གྲོགས་ལ་བསྡོངས་པ་ན།
དུག་དང་བསྡོངས་ན་དུག་གི་ཁ་རླངས་ཕོག
ངན་པའི་ཚོགས་དང་ནག་པོའི་སོལ་བ་འདྲ།
ཚ་མོས་བསྲེག་ཉེན་གྲང་མོས་རྫས་ཉེན་ཆེ།
ཁེ་དང་གྱོང་གྱི་བསྐོར་ཕྱོགས་གཏོང་གིན་སོང་།
ཡག་དང་ཉེས་ཀྱི་སྐད་ཆ་ཤོད་ཀྱིན་སོང་།
ཡག་ན་ཡག་པས་ངོ་བསྟོད་བདག་རྐྱེན་སྤྲོད།
ཉེས་ན་ཉེས་སོང་ཟེར་བས་ཉེས་ཐགས་ཐོངས།
ཨ་མའི་ཁ་ལ་སྒོ་ལྕགས་བརྒྱབ་དྲགས་ན།
ཕྲུ་གུས་ཆག་སྒོའི་རྒྱལ་སྒོ་ཕྱེ་ཉེན་ཡོད།
རྡོ་ལ་ཕྱི་བདར་ཐོན་ན་ནོར་བུ་དང་།
ལྕགས་ལ་འཇམ་ཤ་ཐོན་ན་མེ་ལོང་ཡོང་།
ཡོན་ཏན་ཕུན་སུམ་ཚོགས་ན་སྙིང་གི་བུ།
བྱ་ལུགས་བྱེད་ལུགས་ངན་ན་དགྲ་ལས་ལོད།
དེ་ཚོ་སེམས་པ་དཀར་བའི་སྐད་ཆ་རེད།
བུ་ཡོད་ཕ་ཚོ་ཐུགས་ལ་དེ་ལྟར་ཞོག །