བསླབ་བྱ་ལེའུ་བརྒྱད་པ།

ཞིམ་ཚད་མ་ཟ་མཇམ་ཚད་མ་གྱོན་ཞིག

ཁ་ལུས་གཉིས་ཀྱིས་སྡུག་ལ་སྦྱར་ཡོང་ངོ་།

ཁོག་པའི་བོངས་ཚད་ཆེ་ཡང་དེ་ཐམས་ཅད།

ཟ་མ་གཅིག་པའོ་སྡོད་ས་ཡིན་མདོག་མེད།

མིག་དང་གྲོད་པ་གཉིས་པ་ཁེངས་རྒྱུ་མེད།

ལྟ་ཚོད་ཟ་ཚོད་རང་གིས་བྱས་པ་དགའ།

གྲོད་པ་ཐབ་ལ་འཚོད་འཚོད་མང་འདྲག་ན།

སྡུག་རྩྭ་ཐུག་དུས་སྒྱིད་བུ་གྲང་བ་དགའ།

མི་ལ་རེ་བའི་ཇ་ཆང་ལོངས་སྤྱོད་ལས།

རང་གི་རྩྭ་རྐྱང་ཆུ་རྐྱང་བྲོ་བ་ཞིམ།

ལས་ངན་ཤན་པའི་དྲེག་ཁུ་བཟའ་བ་ལས།

དམར་དད་ལངས་ན་ཤིག་ཀྱང་ཟ་བ་དགའ།

ཟ་རྒྱུ་ཉལ་རྒྱུ་བ་དང་བོང་བུའི་ལས།

དེ་འདྲ་བྱས་ན་ཨེ་དགའ་ཕ་ཡུ་བུ།

ཁྱི་དང་གྲོད་པ་ལག་ནས་ཤོར་སོང་ན།

རྟ་རོ་བོང་རོ་ཐོག་ལ་ཤོར་ཉེན་ཆེ།

གྲོད་པའི་སྒོ་ལ་བསྡམ་ཚོད་མ་བྱས་ན།

གཏམ་གྱི་ནོར་བུ་རྐུ་ལ་ཤོར་བའི་ཉེན།

གཏམ་གྱི་ཕུ་ཐུང་འཇོལ་འཇོལ་དགོས་འདོད་ན།

གྲོད་པའི་ལག་མགོ་ཐུང་དུ་བཅུག་པ་དགའ།

ཆུ་ནང་ཉ་མོ་སྤགས་ལ་དད་པས་ཕུང་།

བྱི་བ་བྱིའུ་འཇོལ་པད་ཁ་ཟོས་པ་ལན།

བྱི་བ་དམག་ཆུང་ལྟོགས་ལ་ཟ་འདོད་ཀྱིས།

ས་མདའ་སྐེ་ལ་ཟུག་པ་ཟ་མའི་སྐྱོན།

བྱང་ཐང་ཝ་མོ་རང་ཚོད་མ་ཟིན་ན།

མགོ་ལྤགས་ཐང་ལ་བཤུ་བ་ཟ་མའི་སྐྱོན།

སྟག་དམར་ངར་ཞིན་བུ་བཞིན་འཛིན་རྒྱུ་འདི།

སྟག་རྒན་ལུག་ལ་ཁྱི་ལྟར་མཆོངས་པས་ཉེས།

མཁས་པ་འདི་ཡིན་ཞུ་རྒྱུ་མེད་ལགས་ཀྱང་།

དཀར་པོའི་ཐོག་དུ་ནག་པོའི་བྲིས་ཆ་གསལ།

ཁ་ཆེ་ཕ་ལུ་ས་འོག་སོང་ན་ཡང་།

རྒྱ་ཤོག་ལོགས་ཀྱི་སྣག་ཚའི་རི་མོ་འདི།

ས་སྟེང་ཡུན་རིང་གནས་པའི་བཀྲ་ཤིས་ཤོག

ཚང་མའི་ཡིད་དུ་འོང་པའི་བཀྲ་ཤིས་ཤོག