བསླབ་བྱ་ལེའུ་བདུན་པ།
དམའ་ས་བཟུང་ནས་གང་ཅིར་བཟོད་པ་བསྒོམས།
དོན་གྱི་རྡོ་ཁ་རང་གྱི་སྙིང་དུ་ཞོག
མི་སེམས་འཛིན་པའི་སྐད་ཆ་ཤོད་ཀྱིན་སོང།
རང་འདོན་སྒྲིག་པའི་ཇུས་ཆ་གཏོང་གིན་སོང།
སྟོང་པ་ཁ་ཡིས་ཁེངས་པའི་དོན་རྩ་ལོངས།
དེ་འདྲའི་ཐབས་ལ་དམའ་ས་བཟུང་བ་དགའ།
དམའ་ས་བཟུང་བའི་མི་ལ་དགའ་མཁན་མང་།
དེ་འདྲའི་མི་ལ་ཡིད་ནས་ཕན་མཁན་མང་།
མི་ཚེ་ཇ་ཆང་ལོངས་སྤྱོད་ངང་དུ་འགྲོ།
འདིར་བཞུགས་འདིར་འབྱོན་ཟེར་མཁན་མང་པོ་ཡོང་།
འདོད་པའི་རྟ་རྒོད་ཚོད་ཀྱི་སྲབ་ཁ་འཐེན།
གང་ས་ཅི་ཐད་རང་ཚོད་རང་གིས་ཟུངས།
འགྲོ་ཚོད་སྡོད་ཚོད་ཤོད་ཚོད་བྱེད་ཚོད་དང་།
སྐྱིད་པོ་བྱེད་ཚོད་སྡུག་པའི་འཁུར་ཚོད་དང་།
ཞིམ་པོའི་ཟ་ཚོད་འཇམ་པོའི་གྱོན་ཚོད་རྣམས།
མི་ལ་ཚང་ན་མཁས་པའི་ཡང་རྩེ་ཡིན།
དེ་འདྲའི་མི་ལ་སྐར་མའི་བདག་པོ་རྙེད།
ད་ལྟ་དེ་ལས་ཕུགས་ཡུལ་ལས་འབྲས་ཡང་།
འདོད་པ་ཚོད་ཀྱི་ཕྱི་ལ་ཤོར་དང་གཅིག
ཚོད་ལ་སེམས་ཀྱི་བཀོད་པ་མེད་དང་གཉིས།
དེ་འདྲའི་མི་དང་བསྡེབས་ནས་བསྡད་གཞན་འདྲ།
དེ་འདྲའི་ཆག་སྒོ་ནང་ལ་འཁྲིད་ཡོང་ངོ་།
ལས་ལ་ཚོད་མེད་ཐ་མ་ཕུང་བའི་གཞི།
ཚོང་ལ་ཚོད་མེད་མཐའ་གཞུག་ཕམ་པའི་གཞི།
ཁ་ལ་ཚོད་མེད་རྐུབ་ལ་ཉོ་བའི་གཞི།
དགོད་ལ་ཚོད་མེད་མཐའ་གཞུག་ངུ་བའི་གཞི།
འཁོར་ལ་གཡས་གཡོན་གཡང་དང་གད་པའི་གླིང་།
ཟག་ན་ཟག་ཆོག་རིལ་ན་རིལ་ཆོག་རེད།
དེ་འདྲའི་ལམ་དུ་འགྲོ་བཟོ་བསྡོད་མཁས་མཛོད།
གདོང་དྲུག་འཁོར་བ་འབྲོག་པའི་ཤོ་དང་འདྲ།
སྤ་ར་ལྕ་མོ་གང་ཐོན་ངེས་མེད་རེད།
ཁེ་གྱོང་སྙིང་ལ་བཅངས་ནས་འགྲོ་ལུགས་མཛོད།
ཁེ་ཡི་སྒོ་མོ་དབྱེ་རྒྱུའི་བྱུས་ལ་ལྟོས།
གྱོང་གི་ལམ་བུ་དགག་རྒྱའི་བྱུས་ལ་ལྟོས།
ཁེ་སྒྱོང་གཉིས་ལ་སྦོམ་ཕྲ་ཤོར་བའི་དུས།
སྡུག་སྙིང་གནན་ནས་སྡུག་ཚོད་བཟུང་བ་དགའ།
ཚོད་མེད་ཁ་ཆེ་ཕ་ལུའི་ཚོད་ནས་ཤོར།
གཏམ་གྱི་ནོར་བུ་ཤོག་བུའི་ཐང་ལ་ཤོར།
རིན་ཐང་བསྐོར་དུས་སྐོར་ཐང་མ་ལོག་མཛོད།
ནོམ་པ་འཛིར་ནས་ཡོད་དོ་ཕ་ཡི་བུ། །