བསླབ་བྱ་ལེའུ་དྲུག་པ།

འཛམ་གླིང་མེ་ལོང་ཕར་བལྟ་ཚུར་བལྟ་རེད།

འཁོར་བ་བྲག་རི་བཞིན་དུ་ཁ་ལན་སློག

རང་གིས་གར་བལྟས་མེ་ལོང་ནང་དུ་གསལ།

རང་གིས་གང་ལབ་བྲག་རིས་ཁ་ལན་སློག

བཟང་ན་བཟང་དང་ངན་ན་ངན་གྱི་ལན།

འདི་ནི་ཡོང་རྒྱུ་འཇིག་རྟེན་འཁོར་བའི་ལས།

ཚང་མ་སྨོན་པའི་འདོད་པ་མེད་ཟེར་ན།

གཞན་ལ་མ་ལབ་རང་ལ་དྭོགས་ཟོན་གྱིས།

ཚང་མ་རང་གི་མདོག་དང་མཐུན་ཡོང་ངོ་།

གང་བྱས་ལག་པའི་མཐིལ་དུ་གསལ་ཡོང་ངོ་།

གཞན་ལ་དགའ་ཚོད་ཁྱེད་རང་དགའ་མེད་ཡིན།

གང་ལྟར་བཟང་ལ་ངཟང་དང་ངན་ལ་ངན།

དུག་ཤིང་སྡོང་པོས་ཁམ་བུ་སྟེར་མདོག་མེད།

ཁམ་བུ་དགོས་ན་ཁམ་སྡོང་འགྲམ་ལ་སོང་།

རིན་ཆེན་གསེར་གྱི་འདོད་པ་ཡོད་ཟེར་ན།

དོན་མེད་མུན་པའི་གླིང་དུ་མ་སོང་ཞིག

གཞན་ནས་ལགས་ལགས་ལུགས་ལུགས་དགོས་ཟེར་ན།

རང་ལ་ལགས་ལགས་ལུགས་ལུགས་མང་ཉུང་དགོས།

ཆེ་འདོད་ཅན་ལ་ཆེ་བ་ཡོང་ང་དཀའ།

དེ་ཡི་ཐབས་ལ་ཆེ་འདོད་བཞག་པ་དགའ།

བྱམས་པོ་བྱས་ན་དགྲ་ཡང་གཉེན་ལ་འགྲོ།

རྩུབ་ཚོད་མ་ཟིན་བུ་ཡང་ཞེན་པ་ལོག

ཐོད་པའི་རི་མོ་གྱེན་ལ་ཡོད་པའི་མི།

སོ་དཀར་འཛུམ་ལེགས་མི་སེམས་འཛིན་པར་མཁས།

ལས་བཟང་བྱས་ནས་ཐར་པའི་ལམ་བུ་ལ།

གཏམ་བཟང་ཁྱེར་ནས་སོང་ཞིག་ཕ་ཡི་བུ།

རི་མི་ཐུར་ལ་ཡོད་པའི་མི་ངན་ལ།

དུག་སྦྲུལ་ཁྱི་སྨྱོན་གཉིས་ཀྱི་བརྟག་དཔྱད་ཚང་།

ཉིན་མཚན་མེད་པར་རྨུག་རྒྱུ་ཁོ་ལས་མེད།

ལག་ལེན་ངན་པའི་ཐལ་བ་བསླངས་ནས་འགྲོ།

བཟང་པོ་འོངས་པའི་རྗེས་ལ་གཏམ་བཟང་ཡོད།

བཟང་པོའི་ལོ་ལ་བཟང་པོའི་འབྲས་བུ་སྨིན།

ངན་པའི་འབྲས་བུ་ངན་པའི་སྐེ་ལ་འཁྲིལ།

ངན་པའི་རྗེས་ལ་ལྟས་ངན་གཏམ་ངན་ཡོད།

རྒྱ་སྨྱུག་སེར་པོའི་ཁ་ནས་ཚིགས་གསུམ་ལུས།

རྒྱ་ཤོགས་དཀར་པོའི་སེམས་ལ་གསལ་ཡོང་ངོ་།

རྒྱ་སྐད་བོད་ཀྱི་སྐད་ལ་འགྱུར་ཡོང་ངོ་།

ཁ་ཆེ་ཕ་ལུའི་བློ་ཐག་ཆོད་སོང་ངོ་།།