བསླབ་བྱ་ལེའུ་གསུམ་པ།
རྒྱལ་པོ་ཆེན་པོ་ཡུལ་གྱི་རྒྱན་ཆ་རེད།
ཁྲིམས་དང་མཐུན་ན་རྒྱལ་གཞིས་མངའ་ཐང་ལྡན།
ཁྲིམས་འགོ་ནོན་ན་བསམ་དོན་ལྷུན་གྱིས་གྲུབ།
ཁྲིམས་གཞུང་ལྡན་ན་བདེ་སྐྱིད་ཕུན་སུམ་ཚོགས།
མཚོ་མོ་འཁྱོམས་ན་ཉ་མོ་ལས་ཀྱིས་འཁྱོམས།
ལུང་པ་དབུལ་ན་རྒྱལ་པོ་ལས་ཀྱིས་དབུལ།
རྗེ་དཔོན་དར་ཞིང་རྒྱལ་པོའི་ས་སྡེ་འཕྲུལ།
ཡུལ་སྡེ་མེད་པའི་རྗེ་དཔོན་དགོད་རེ་བྲོ།
དཔོན་འབངས་མེད་ནད་པ་ཨེམ་རྗེའི་དཔེ་བཞིན་དུ།
གཙག་བུ་བཙུགས་པའི་ཤུལ་ལ་རྨ་སྨན་ཐོབས།
བཀའ་བཀྱོན་དགོངས་འཚོམས་གཞུག་ལ་བྱམས་སྐྱོངས་མཛོད།
དང་པོ་ཉེས་པ་བཅའ་ཡང་ཕེབས་དང་བསྟུན།
གཉིས་པ་ཉེས་པའི་ཐོག་ཏུ་ཉེས་རྡུང་ཐོངས།
གསུམ་པ་མི་ངན་རྩ་མེད་བཟོས་ཀྱང་རུང་།
དེ་འདྲའི་མི་ལ་སྙིང་རྗེ་ལྟ་དགོས་མེད།
ལུ་གུ་མ་འཁྱེར་གོང་ལ་སྤྱང་ཀི་སྲུངས།
ཡུལ་བདེ་མ་འཁྱོམས་གོང་ལ་མི་ངན་ཕུད།
རྒྱལ་པོ་ཞོ་ལྟར་ཆགས་ནས་ཉལ་བསྡད་ན།
ཡུལ་སྡེ་ཁྲག་ལྟར་འཁྲུགས་པ་མི་ཤེས་སོ།
ལུག་རྫི་ཇ་ཆང་གཉིས་ལ་མགོ་འཁོར་ན།
ལུ་གུ་སྤྱང་ཀིས་འཁྱེར་བ་དངོས་བདེན་རེད།
གང་ལ་མཁས་པའི་མི་དེ་ལས་ལ་མངགས།
ཤིང་བཟོ་མཁས་ཀྱང་ལྷ་བྲིས་ཡོང་མདོག་མེད།
སྤྱང་ཀི་དགའ་ཡང་ལུག་རྫིས་ཉན་མདོག་མེད།
ལས་འབྲས་ཅན་ལ་མི་ཡི་རྗེ་དཔོན་སྐོས།
ལུ་གུ་སྤྱང་ཀའི་ཁ་ལ་བཅུག་ཡོང་ངོ་།
ཡོན་ཏན་ཅན་ལ་དོན་གྱི་རྡོ་ཁ་སྒྲིལ།
ནོར་བུ་དགོས་ན་རྒྱ་མཚོའི་གཏིང་ལ་ཡོད།
དམ་ཚིག་གཙང་མའི་མི་ལ་བློ་གཏད་བཅོལ།
རྡོ་རྗེ་བྲག་ལ་འགྱུར་བ་ཅི་ལ་སྲིད།
ཉིན་མཚན་མེད་པར་མཁས་པའི་མི་དང་བསྟུན།
ཚ་ཁའི་ཁྱི་རོ་མཐའ་མ་ཚ་ལ་འགྲོ།
ཤ་ཚ་ཅན་ལ་སྐྱོང་མཐར་རིམ་པ་སྤྲོད།
བྱས་རྗེས་དྲུད་ཤུལ་བྱུང་ན་བློ་ཁ་རྫོགས།
བྱས་པ་ཅན་གྱི་སེམས་པ་ཕམ་མ་འཇུག
བྱེད་རྒྱུ་མདུན་དུ་ཡོད་དུས་བྱེད་མཁན་མང་།
བློ་གཏད་བཅོལ་མི་རྣམས་ཚོ་མཐའ་ནས་བསྐོར།
འཛམ་བུའི་གླིང་འདིར་གཏམ་བཟང་སྐད་ཀྱིས་ཁེངས།
དཔའ་རྩལ་ཅན་ལ་དལ་དུས་བདག་པོ་སྤྲོད།
འགག་རྩར་ཐུག་དུས་དགོས་པའི་དུས་ཤིག་ཡོང་།
རྒྱུན་དུ་བང་མཛོད་ནོར་གྱིས་རྒྱོང་རྒྱུ་གྱིས།
རྐྱེན་རྩ་ལྷག་ཡོང་དགྲ་བོ་མཆོངས་ཡོང་ངོ་།
དགྲ་མགོ་འདུལ་བར་དགོས་རྒྱུའི་དགོས་ཆ་གཉིས།
ནོར་དང་དཔུང་གིས་དགྲ་བོ་ཆམ་ལ་འབེབས།
ནོར་རྫས་མེད་པར་དཔུང་རོགས་ཡོང་ཐབས་མེད།
དཔུང་རོགས་འཚོལ་བར་ནོར་རྫས་མེད་ཐབས་མེད།
དེ་གཉིས་འཛོམས་ན་དགྲ་བོ་ལས་ཀྱིས་འཇོམས།
ནོར་ལ་ཕ་མས་བུ་ཚ་གསོ་གསོ་མཛོད།
ལོ་མང་སོང་བའི་རྒད་པའི་ཁ་ལ་ཉོན།
སྐྱིད་སྡུག་མང་པོ་མྱོང་བའི་མི་རྒན་རེད།
ལྕགས་ཀྱི་ལྕགས་རིའི་མཚམས་སུ་སླེབས་པའི་དུས།
གཞོན་པའི་ཤེད་ལས་རྒད་པའི་ཇུས་བྱ་བཟང་།
དགྲ་བོ་འཕྲལ་གང་འཕྲལ་ལ་འདུལ་འདོད་ན།
སྐབས་ཐོགས་གྲོགས་ལ་བཀུག་ནས་བསྡད་པ་བཟང་།
ཐབས་ཀྱི་སྒོ་ནས་དོན་རྩ་ལེན་ཟེར་ན།
མདའ་གྲི་མདུང་གསུམ་འཕྱར་རྒྱུ་སྨྱོན་པའི་ལས།
མི་ཐུབ་དགྲ་དང་འཛིང་འཛིང་བཞག་པ་དགའ།
འཛོག་རུམ་གཙག་བུའི་སྟེང་དུ་རྒྱག་མདོག་མེད།
འདན་མ་མི་དགོས་དེ་སར་དངོས་ཡིན་ཀྱང་།
འགྲིག་ཙམ་བྱུང་ན་འགྲིགས་པ་གཙོ་དོན་ཆེ།
གདོང་བསུ་དཔའ་བོ་རྒྱལ་ཁམས་ཉེས་སུ་ཁག
ཐབས་རྣམས་འཕྲུལ་གྱི་མེ་མདའ་རྒྱང་ནས་འཕེན།
དང་པོ་ཐབས་རྣམས་དགུ་བཅུ་གོ་དགུ་གཏོད།
རྒྱ་ལ་འཁྲུག་དགོས་བྱུང་ཡང་བྱ་ཐབས་མེད།
གོ་བོ་མེད་པའི་མི་དེ་ཁྱི་ལས་ལོད།
ཁྱི་ངན་བྱུང་ན་བེར་ག་རྣ་ལ་དཀྲི།
ཕྱིན་ཐོངས་ཟེར་ན་ཕྱིན་རྒྱུའི་ལམ་བུ་ཐོངས།
འཛིང་ཐོངས་ཟེར་ན་གོམ་གསུམ་སྔོན་ལ་སྤོས།
འཛོམ་རེ་ཁོང་ཁྲོ་སློང་དུས་མ་དྲན་ན།
རྗེས་སུ་དྲན་ན་རང་གི་ཁ་ལ་རྒྱོབ།
དོན་རྩ་འཇམ་པོའི་སྒོ་ནས་ལོན་ཟེར་ན།
ང་རྒྱལ་ཁོང་ཁྲོ་དོན་མེད་སྟོང་པ་རེད།
ཁོང་ཁྲོ་དབང་དུ་འདུས་ན་མཁས་པའི་རྟགས།
ཁོང་ཁྲོའི་རྗེས་ལ་འགྲོ་མི་གླེན་པ་རེད།
བསམ་བློ་སྔོན་ལ་ཐོངས་ན་མཁས་པ་ཡིན།
རྐྱེན་རྩ་མདུན་དུ་ལྷག་པ་སུས་ཀྱང་མཐོང་།
དུང་དཀར་གཡས་འཁྱིལ་གཅོག་པ་སུས་ཀྱང་མཐོང་།
ཆག་པ་སྒྲིག་དགོས་བྱུང་ན་ཉ་སྒྲིག་ཡོང་།
དགྲ་བོ་མགོ་བོ་བསྒུར་ནས་སླེབས་བྱུང་ན་།
སྙིང་གི་ཁོང་ཁྲོ་སེམས་ཀྱི་གཏིང་ནས་ཐོན།
མགོ་བོ་བསྒུར་བའི་དགྲ་བོ་ཕམ་མ་འཇུག
ཡིན་ཀྱང་ཁྲམ་དང་གཡོ་སྒྱུར་དོགས་ཟོ་དགོས།
གཙང་པོ་མཁར་གྱི་དཀྱིལ་ཞབས་རྒྱུགས་པ་དེ།
རགས་རྒྱག་མ་བྱུང་མཐའ་མར་མཁར་ལ་གཤེད།
ངན་པ་བསྐྱངས་ན་བཟང་པོ་བརྡུངས་པ་འདྲ།
རྐུན་པོ་གསོས་ནཆོས་པ་བསོད་པ་འདྲ།
དུག་སྦྲུལ་བཞག་ན་མགོ་ནག་མི་ལ་གནོད།
སྤྱང་ཀི་བཞག་ན་གཡང་དཀར་ལུག་ལ་ངན།
ཁྱི་ཡིས་མི་ལ་རྨུགས་པ་ཡིན་མི་ཞུ།
ཁྱི་ངན་བདག་འཛིན་བྱེད་མཁན་མི་ངན་རེད།
དགྲ་མགོ་འདུལ་མཁན་གཉེན་མགོ་སྐྱོང་མཁན་དགོས།
འཇམ་རང་དྲགས་ན་དགྲ་བོ་གཉའ་རེངས་ཡོང་།
གྱོང་རང་དྲགས་ན་འགག་ལ་ཐུག་པའི་ཉེན།
འཇམ་རྩུབ་བསྲེས་ནས་ཀུན་ལ་འདུལ་ལུགས་མཛོད།
དགྲ་གཉེན་ཚང་མ་ཐབས་ཀྱིས་གྲོགས་སུ་ཁུགས།
འཕྲལ་དང་ཕུགས་ཀྱི་རྒྱལ་ས་འཛིན་འདོད་ན།
ཉི་རིང་མེད་པར་གསེར་ཁྲིའི་ཐོག་ནས་དྲོངས།
ཡུལ་བདེ་མི་བདེ་ཡོང་བའི་དགོངས་པ་དང་།
དགོང་མོ་ས་ལ་བབས་ཚེ་ཆོས་ལ་འབུངས།
ལུས་ངག་ཡིད་གསུམ་ཕྱག་འཚལ་སྨོན་ལམ་ཐོབས།
གཏན་གྱི་རེ་ད་དཀོན་མཆོག་གསུམ་ལ་ཞུ།
རིན་ཆེན་སྐར་མའི་བདག་པོའི་བཀའ་དང་བསྟུན།
འདི་ཕྱི་གཉིས་ཀྱི་དབུ་འཕང་མཐོ་དགོས་ན།
མི་རྟག་འཆི་བ་མ་བརྗེད་ཐུགས་ལ་ཞོག
འདོད་འདོད་ཁ་ཆེ་ཕ་ལུའི་གྲོས་གྲོས་ཀྱི།
དོན་གྱི་སྙན་ཞུ་མུ་ཏིག་དར་ལ་བརྒྱུས།
ཁམས་གསུམ་དབང་འདུས་དྲུང་དུ་ཕུལ་ཡོད་དོ།
རིན་ཐང་སྐོར་དུས་བརྒྱ་སྟར་གྲངས་སུ་ཚུད། །