བསླབ་བྱ་ལེའུ་བཅུ་པ།

དེ་ནས་གསོན་དང་ཨ་མའི་སྙིང་ཉེ་ཚོ།

བྱམས་དང་བརྩེ་བའི་ཅན་གྱི་དྲིན་ཆེན་མ།

ཕྲུ་གུ་ཆུང་དུས་ཨ་མའི་མགོ་རུ་སྡོད།

ལང་ལ་གཏོང་རང་གཏོང་ན་ཨ་མས་གཏོང་།

ཁ་ལ་མི་སྟེར་དགུ་སྟེར་ཨ་མས་སྟེར།

ལུས་ལ་མི་གཡོགས་དགུ་གཡོགས་ཨ་མས་གཡོགས།

ཆུང་དུས་ཨ་མས་ལང་ལ་བཏང་བའི་བུ།

ལང་ཤོར་ཐ་མ་ཨ་མ་དགའ་མི་ཁུག

དེ་འདྲས་མི་གསོད་བྱས་ནས་ཕུང་བ་མང་།

དེ་འདྲས་རྟ་འཁྱེར་བྱས་ནས་བྲོས་པ་མང་།

ཨ་མས་སྡུག་སྙིང་མནན་ས་མ་བསྡད་ན།

ཨ་མས་ཕྲུ་གུ་རླུང་ལ་བསྐུར་ཡོང་ངོ་།

རྐུན་མ་རྐུ་དུས་ཐུག་ཐུག་རྡུང་བ་དགའ།

ཧམ་གྱི་ཡོད་ན་གླེག་གླེག་སྟེར་བ་དགའ།

སྒོ་ང་རྐུ་དུས་ཁྲིག་ཁྲིག་མ་བཟོས་ན།

བྱ་མོ་ཁྱེར་བའི་རྗེས་ལ་རྟ་ཕོ་འཁྱེར།

ཞིམ་པོ་སྟེར་སྟེར་འཇམ་པོ་གཡོགས་གཡོགས་ཞོག

བྱ་ལུགས་མེད་ཀྱང་ཁ་ལ་ཟ་ལུགས་སློབས།

ཐ་མ་དེ་འདྲའི་སྨྱོ་སྨྱོ་སུ་ཞིག་སྨྱོ།

ཝ་ཕྲུག་ཐང་ནས་ཐང་ལ་ཟགས་རྒྱུ་མེད།

རྒོད་ཕྲུག་གཡང་ལ་ཟགས་པ་ སྙིང་ཡང་རྗེ།

སྤྲང་ཕྲུག་རྒྱལ་ཁམས་བསྐོར་བ་སྤྲང་པོའི་ལས།

ཕྱུག་པོ་སྤྲང་ལ་འཁྱམས་པ་དགྲ་ལ་འགྱུར།

ཉན་མཁན་ཡོད་ན་གོ་རྒྱུ་བཤད་ཡོད་དོ།

ལྟ་མཁན་ཡོད་ན་མཐོང་རྒྱུ་བསྟན་ཡོད་དོ།

སྨྱུ་གུའི་ཁ་ཡི་དོན་གྱི་རྡོ་ཁའི་ཚིག

ཐུགས་ཀྱི་དཀྱིལ་དུ་ཞོག་མཛོད་ཨ་མའི་ཚོགས།